ཀྲའོ་ཅུན་མིང་དཀར་མཛེས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་ལ་ལྟ་སྐུལ་ཁྲིད་སྟོན་དུ་ཕེབས།

        2024-08-26

སྤྱི་ཟླ8པའི་ཚེས18ནས19ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་དཀར་མཛེས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་ཐད་ལ་ལྟ་སྐུལ་ཁྲིད་སྟོན་དུ་ཕེབས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་བོད་བརྟན་ཁམས་བདེའི་འཐབ་ཇུས་གནད་ས་སྲ་བརྟན་མངོན་འགྱུར་ཐུབ་པའི་ཐུགས་རེ་གནང་དོན་ཁོང་དུ་ཆུད་པ་དང་། བློ་ཤུགས་གཅིག་སྒྲིལ་ངང་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ལ་ནན་མོ་འཁྱོལ་བར་བསྐུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་ཧུར་ཐག་བྲི་བར་སྟོབས་ཤུགས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲའོ་ཅུན་མིང་སྔ་གཞུག་ཏུ་སི་ཁྲོན་བོད་སྐད་སློབ་གླིང་དཀར་མཛེས་ཁུལ་ཡན་ལག་སློབ་གླིང་དང་། དར་མདོ་གྲོང་ཁྱེར་མདོ་གྲོང་གི་དབྱི་སི་ལན་ཆོས་ཁང་དང་། གུར་དྲག་གྲོང་རྡལ་རི་བརྒལ་གྲོང་སྡེ་དང་རི་དཀྱིལ་གྲོང་སྡེ། སི་ཁྲོན་མི་རིགས་སློབ་གླིང་སོགས་སུ་ཕེབས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད། མི་རིགས་ཆོས་ལུགས། འབྲུབ་འགོག་གནོད་བསྙུང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་ཁྲིད་སྟོན་གནང་བ་རེད།

ཀྲའོ་ཅུན་མིང་གིས་ནན་གསུང་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་གཙོ་དོན་དང་བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ཁོང་དུ་ཆུད་པ་དང་། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཏན་ཏིག། སེམས་ནུས་གཅིག་སྒྲིལ། གཞུང་བསྲངས་གསར་གཏོད། དོན་གཉེར་འགན་འཁུར། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང་།“ སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པར་བྱས་ཏེ། དུས་རབས་གསར་པའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་འཕྱུགས་པ་མེད་པའི་སྒོ་ནས་ལག་ལེན་བསྟར་ཏེ། བརྟན་ལྷིང་དང་འཕེལ་རྒྱས་དང་། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི་དོན་ཆེན་བཞི་གཅིག་གྱུར་གྱིས་དམ་དུ་འཛིན་པ་དང་། ཐོན་སྐྱེད་ནུས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བྱས་ཤིང་། རྫོང་ཁོངས་འཇུག་སྒོ་གཙོ་བོར་བྱས་ཏེ། ནུས་ཁུངས་གཙང་མ་དང་། རིག་གནས་ཡུལ་སྐོར། ཁྱད་ཆོས་ཞིང་འབྲོག་ལས་བཅས་དོན་ཆེན་གསུམ་རྒྱུན་མཐུད་དེ་ཡག་པོར་བསྒྲུབ་དགོས། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། དཔལ་འབྱོར་བསྐྱར་འཕར་ཡོང་བའི་འཕེལ་ཕྱོགས་རྒྱུན་མཐུད་ངང་སྲ་བརྟན་དང་ཇེ་ཡག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་ལ་བྱས་རྗེས་མང་པོ་གཞག་དགོས། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ཤིང་། བདེ་འཇགས་དང་བརྟན་ལྷིང་གི་མཐིལ་ཚད་ནན་སྲུང་དང་། འབྲུབ་འགོག་གནོད་བསྙུང་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་ཀར་དམ་འཛིན་ཏན་ཏིག་བྱ་དགོས། དར་མདོ་རི་བརྒལ་ཆུ་ལོག་གི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གནོད་རྗེས་བསྐྱར་འཛུགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་མངོན་པའི་ཉེན་ཁ་སྣ་ཚོགས་མཐའ་གཅིག་ཏུ་འགོག་ཟོན་བྱས་ནས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་གཙོ་ཕྱོགས་ཁོང་དུ་ཆུད་པ་དང་། “ལོ་རྒྱུས་ལྔ”དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ། རྒྱལ་གཅེས་རིང་ལུགས་དང་ཁ་ཕྲལ་ལ་རྒོལ་བའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་མཐར་ཕྱིན་སྤེལ་བ། བདེ་སྡུག་མཉམ་མྱོང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་མཐུན་གྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་བསྐུལ་དགོས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་དཔོན་ཧྥུང་ཧྥ་ཀུའེ་སོགས་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས་ཡོད།།

སྐལ་ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:ཁྲུན་གཅོད་ཚད་གཞི་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་མངོན་མེད་རྐྱེན་ངན་དག་ཐེར་བྱས།
  • དོ་སྣང་ཆེ་བའི་རྩོམ།