ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་།

        2024-08-22

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་པར་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་དང་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་མཁན་གྱི་རོགས་ཟླ་བཟང་པོ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན་བཅས་ཀྱི་ཤུགས་རྐྱེན་ཉིན་བཞིན་མངོན་གསལ་དོད་དུ་སོང་སྟེ་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལའང་ནུས་པ་གལ་ཆེན་འདོན་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ན་ནིང་ཙུང་ཐུང་ལུའུ་ལཱ་ཡིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་འཚམས་འདྲི་གནང་བས་ང་ཚོས་དུས་རབས་གསར་པའི་ཀྲུང་པར་འབྲེལ་བའི་འབྱུང་འགྱུར་གསར་པ་སྣེ་ཁྲིད་དང་གཏོད་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་པར་གྱི་འབྲེལ་བའི་དུས་རབས་གསར་པའི་ནང་དོན་སྣོན་པ་བཅས་བྱས་ནས་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད།

ལུའུ་ལཱ་ཡིས་གསུངས་དོན། དུས་རབས་ཕྱེད་ཀའི་རིང་པར་ཀྲུང་གི་མཛའ་གྲོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས་མཉམ་ལས་ཉིན་བཞིན་སྣ་མང་དུ་སོང་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོ་དང་རིམ་པ་ཁག་ཏུ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་དེ་བས་གྲ་རྒྱས་དང་། ཞི་བདེ། དྲང་གཞག་བཅས་ཀྱི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་ཡོད། པར་ཀྲུང་གི་འབྲེལ་བ་དེ་སྣེ་མང་གི་སྒྲིག་ལམ་འཛུགས་པ་དང་དེ་བས་དྲང་གཞག་དང་ནུས་ལྡན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཉིན་བཞིན་གལ་འགངས་ཆེ་རུ་འགྲོ་བ་དང་། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་བརྟན་ལྷིང་དང་སྔོན་དཔག་རང་བཞིན་ལ་འདེགས་སྐྱོར་གྱི་ནུས་པ་འདོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཕྱིས་འབྱུང་ལོ་50ཡི་ནང་ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་ལམ་བུ་གསར་པ་གཏོད་པ་དང་ལས་དབང་གཅིག་མཐུན་གྱི་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་གཏོད་རྒྱུ་ཡིན།

ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།

ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོཊ་ཀྱི་རླངས་འཁོར་འབར་གས་བྱུང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།