རྟའུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་བཞི་བཏོད་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྣན།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)        2024-08-21



རྟའུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་བཞི་བཏོད་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྣན།

དངོས་མང་བཤམས་སྟོན་ཁང་གི་ལས་སྒྲུབ་མི་སྣས་ཡུལ་སྐོར་བར་ས་གནས་དེ་གའི་གོམས་སྲོལ་དང་རིག་གནས་ངོ་སྤྲོད་བྱེད་བཞིན་པ།

རྟའུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་བཞི་བཏོད་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྣན།

དར་ལམ་དཀར་མཛེས་ལུང་བསྟན་འབྲོག་ར་ལྗོངས་ཁུལ་དུ་ཐང་ག་འབྲི་བཞིན་པ།

རྟའུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་བཞི་བཏོད་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྣན།

ལུང་བསྟན་འབྲོག་རར་བསྐྲུན་པའི་སྦྲ་གུར་ཆེན་པོ།

ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་ཤུགས་བརྒྱབ་པ་དང་།རྒྱལ་ཁབ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་གཏོད་རྒྱུ་དམིགས་འབེན་དུ་བྱས་ནས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་སྤེལ་བ་དང་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་མཐའ་འཁྱོངས་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་།རྒྱུན་འཛིན།བེད་སྤྱོད་ཡག་པོ་བྱས་ཡོད། གཡུ་ཁོག་རྩྭ་ཐང་རང་བྱུང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་དང་རྟའུ་བང་ཁང་བཤམས་སྟོན་ཁང་།དར་ལམ་དཀར་མཛེས་ལུང་བསྟན་འབྲོག་རའི་ལྗོངས་ཁུལ། དཔལ་སྨད་གཞིས་ཀ་བཅས་རིག་གནས་ཡུལ་སྐོར་ལས་གཞིའི་ས་རྟགས་གསར་པ་བཞི་བཏོད་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

རྟའུ་རྫོང་གཡུ་ཁོག་གྲོང་རྡལ་དུ་གནས་པའི་གཡུ་ཁོག་རྩྭ་ཐང་རང་བྱུང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2840ལྷག་ཡོད་ཅིང་།དེ་ནི་རྟའུ་རྫོང་ཏང་ཨུ་དང་།སྲིད་གཞུང་།ཀྲུང་གོ་རྒྱལ་ཁབ་ས་ཁམས་དུས་དེབ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། དེའི་ནང་རང་བྱུང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་དང་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ཁག་གཉིས་ཚུད་ཡོད། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ལ་ཆ་འཕྲིན་འདྲི་རྩད་དང་སྒོ་འཛིན་འཚོང་ས།ཡུལ་ཐོན་ཚོང་ར།བཟའ་བཏུང་སྤྲོ་གསེང་སོགས་སྣ་མང་གཞི་གཅིག་ཏུ་འདུས་པ་དེ་ནི་རྒྱལ་ནང་དུ“ཀྲུང་གོའི་རྒྱལ་ཁབ་ས་ཁམས”གཙོ་དོན་དུ་བྱས་པའི་ཡུལ་སྐོར་བའི་ཞབས་ཞུའི་བར་མཐོངས་གསར་པ་ཐོག་མ་དེ་ཡིན།

དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་སྐབས་རྟའུ་ཡི་རང་བྱུང་མཛེས་ལྗོངས་དང་མི་རིག་གི་ཡུལ་སྲོལ་གོམས་གཤིས་སོགས་མིག་ལམ་དུ་ཤར་ཐུབ། བཤམས་སྟོན་ཁང་གི་ཐོག་བརྩེགས་གཉིས་པར་རིམ་མང་འཇིམ་བརྐོས་དང་འཕྲིན་མང་སྒྲིག་ཆས་ཀྱིས་གཡུ་ཁོག་རྩྭ་ཐང་གི་ལངས་གཟུགས་བཟོ་དབྱིབས་བཟོས་ནས་གཡུ་ཁོག་རྩྭ་ཐང་གི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་ལྟ་ཐུབ། ཨང་ཀིའི་འགུལ་རིས་དང་ལད་ཟློས་སྒྲིག་ཆས་ཀྱིས་ས་གཤིས་འཕོ་འགྱུར་གྱི་ངོ་མཚར་ཆེ་བའི་ཆ་མངོན་པ་དང་།སྲོག་ཆགས་དང་རྩྭ་རྩི་ཤིང་གི་མ་དཔེ་བཅས་བཟོས་ནས་ཡུལ་སྐོར་བས་གཡུ་ཁོག་རྩྭ་ཐང་གི་སྐྱེ་ཁམས་མཛེས་སྡུག་དང་རང་བྱུང་ཁམས་ཀྱི་སྣ་མང་རང་བཞིན་དང་རྙོག་འཛིང་རང་བཞིན་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ།

དངོས་མང་བཤམས་སྟོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།དངོས་མང་བཤམས་སྟོན་ཁང་དུ་བཟའ་བཏུང་ཁུལ་དང་།རིག་གནས་གསར་གཏོད་ཁུལ།ཚིག་ཇ་ཁང་བཅས་ཇུས་འགོད་བྱས་ཡོད་པས་ཡུལ་སྐོར་བས་རང་བྱུང་ཚན་རིག་མྱོང་ཚོར་ཐུབ་ཅེས་བཤད།

རྟའུ་ལ་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཡོད་པ་ཕུད། ད་དུང་ཚོན་མདངས་རྣམ་པར་བཀྲ་བའི་མི་རིག་ལོ་རྒྱུས་ཀྱང་ཡོད། གཡུ་ཁོག་རྩྭ་ཐང་རང་བྱུང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་གིས་ཡུལ་སྐོར་བར་རང་བྱུང་ཁམས་དང་ཐག་ཉེ་ནས་སྐད་ཆ་ཤོད་རེས་ཐུབ་པ་དང་། དར་ལམ་དཀར་མཛེས་ལུང་བསྟན་འབྲོག་རའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་འབྲོག་ལས་འཚོ་བ་མྱོང་རོལ་བྱེད་དུ་བཅུག་ཡོད།

དར་ལམ་དཀར་མཛེས་ལུང་བསྟན་འབྲོག་རའི་ལྗོངས་ཁུལ་དུ་འཛམ་གླིང་ཐོག་སྦྲ་གུར་ཆེ་ཤོས་ཤིག་བསྐྲུན་ཡོད།དེ་ནི་རྟའུ་རྫོང་གིས་ས་གནས་དེ་གའི་རིག་གནས་སྔོག་འདོན་གང་ལེགས་བྱས་པ་ཞིག་ཡིན། སྦྲ་གུར་ཆེ་ཤོས་ནང་སྡོད་པ་དང་ནོར་གནག་ཆེ་ཤོས་ལ་ལྟ་བ།ལྷད་མེད་ཐོན་རྫས་མྱོང་བ།གཞུང་དྲང་འབྲོག་པ་བྱེད་པ་ཞེས་པ་གཙོ་དོན་དུ་བྱས་ནས་འབྲོག་པའི་རིག་གནས་ཉམས་ལེན་དང་ནོར་གནག་ཐོན་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་འབྲོག་ཡུལ་མཉམ་འདྲེས་རྟེན་གཞི་བཏོད་ཡོད།

ལྗོངས་ཁུལ་ལ་ས་ཁྱོན་མུའུ2330ཙམ་ཡོད་པ་དང་།ཁྱོན་མ་དངུལ་སྒོར་ཁྲི7000ཙམ་བཏང་བ་དེའི་ནང་བཟའ་བཏུང་དང་།ཡུལ་སྐོར་སྣེ་ལེན།དམངས་བདེ་ཞབས་ཞུ།དམངས་སྲོལ་ཉམས་ལེན་སོགས་ཚུད་ཡོད། དེའི་ནང་འཛམ་གླིང་ཐོག་ནོར་གནག་སྦྲ་གུར་ཆེ་ཤོས་ཡིན་པའི་སྦྲ་གུར་གྱིས་ས་ཁྱོན་སྨི་ངོས་གྲུ1610ལྷག་བཟུང་བ་དང་།འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ2190ལྷག་བཟུང་ཡོད། སྦྲ་གུར་ཕུར་ཚད་རྒྱ་ཁྱོན་སྨི་གྲུ་བཞི་མ3080ལྷག་དང་མཐོ་ཚད་སྨི22.6ཡིན་པས་དེའི་ནང་མི400ལྷག་ཤོང་གི་ཡོད། སྦྲ་གུར་ནང་འབྲོག་པའི་འཚོ་བ་ཉམས་ལེན་ཁང་དང་།ཇ་འདྲེན་རྡལ་ལམ་དྲན་ཤེས་ཁང་སོགས་འབྲོག་ལས་རིག་གནས་འགྲེམས་སྟོན་ཁུལ་དང་།བོད་ཟས་།རྒྱ་ཟས།འཁྲབ་སྟོན་ཚོམས་ཆེན་བཅས་ཞིབ་ཚགས་བསྐྲུན་ནས་ཡུལ་སྐོར་བས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་འབྲོག་ལས་རིག་གནས་ཤེས་རྟོགས་ཐུབ་ཡོད།

ལྗོངས་ཁུལ་དེ་རྒྱལ་ལམ317རྒྱུད་ངོགས་སུ་གནས་པ་དང་།རྟའུ་རྫོང་དཔལ་སྨད་གྲོང་རྡལ་དང་བར་ཐག་སྤྱི་ལེ30ཙམ་དང་རྟའུ་རྫོང་གྲོང་དང་བར་ཐག་སྤྱི་ལེ50ཙམ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་ལ་གནས་ཡུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡིན་པས་གསེག་རི་སྤྱི་གླིང་དང་།བཞག་བྲ་ལྷ་རྩེ།མི་ཉག་མགར་ཐར་དགོན་པ།རྟའུ་ཡུལ་མིའི་སྡོད་ཁང་བཅས་ལས་གྲུབ་པའི་ས་ཁོངས་ཆེན་པོའི་ལྗོངས་ཁུལ་མཉམ་འགུལ་ཐུབ་པ་ཆགས་ཀྱི་ཡོད། ཡུལ་སྐོར་བའི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་དུས་མཉམ་དུ་ས་གནས་དེ་ག་དང་དེ་བཞིན་མཐའ་འཁོར་རྫོང(གྲོང་ཁྱེར)གི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་བཞིན་ཡོད།

རྟའུ་རྫོང་རིག་གནས་རྒྱང་བསྒྲགས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གཡུ་ཁོག་རྩྭ་ཐང་རང་བྱུང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་དང་ལུང་བསྟན་འབྲོག་རའི་ལྗོངས་ཁུལ་བསྐྲུན་པ་དེ་ང་ཚོས་རང་བྱུང་མཛེས་ལྗོངས་དང་སྲོལ་རྒྱུན་འབྲོག་ལས་རིག་གནས་སོགས་ལེགས་ཆ་ཐོན་ཁུངས་དེ་ཡུལ་སྐོར་ལེགས་ཆར་བསྒྱུར་ནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཐབས་ལམ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ།ཡུལ་སྐོར་གྱི་རྣམ་པ་གསར་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་རིགས་གསར་པ་གཏོད་པའི་ལག་ལེན་ཞིབ་ཕྲ་ཞིག་རེད་ཅེས་བཤད།

སྲུང་སྐྱོང་དང་གསར་སྤེལ་མཉམ་དུ་བཟུང་

ནས་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་།

ཀྲུང་གོའི་བོད་ཀྱི་ཡུལ་མིའི་སྡོད་ཁང་སྒྱུ་རྩལ་གྲོང་ཁྱེར་ཞེས་མཚན་སྙན་ལྡན་པའི་རྟའུ་ཡི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་ཉམས་འགྱུར་དང་རྩེར་སོན་གྱི་བཟོ་རྩལ་ལག་རྩལ་ནི་བོད་མི་རིགས་ཀྱི་འཛུགས་སྐྲུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་རིགས་ཀྱི་སྲོལ་རྒྱུན་ཡུལ་མིའི་སྡོད་ཁང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད།རྟའུ་རྫོང་གིས་མ་དངུལ་སྒོར་ཁྲི640ལྷག་བཏང་ནས་མ་ཟུར་ཡུལ་ཤོག་སྐུན་བུ་གྲོང་སྡེར་རྟའུ་ཡུལ་མིའི་སྡོད་ཁང་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན་ཡོད།

དངོས་མང་བཤམས་སྟོན་ཁང་ནི་བཟོ་དབྱིབས་མི་འདྲ་བའི་ཁེར་རྐྱང་གི་འཛུགས་སྐྲུན་སྟར་པ་དྲུག་ལས་གྲུབ་པ་དང་སྟར་པ་ཚང་མས་ས་གནས་དེ་གའི་ས་ཁུལ་མི་འདྲ་བའི་ཡུལ་མིའི་སྡོད་ཁང་གི་བཟོ་དབྱིབས་མཚོན་གྱི་ཡོད་པ་དེའི་ནང་འདྲ་པ་ཡུལ་མིའི་སྡོད་ཁང་དང་།གཡུ་ཁོག་ཡུལ་མིའི་སྡོད་ཁང་།ཉི་མཚོ་ཡུལ་མིའི་སྡོད་ཁང་།ཤར་རོང་ཡུལ་མིའི་སྡོད་ཁང་།དཔལ་སྨད་ཡུལ་མིའི་སྡོད་ཁང་བཅས་ཚུད་ཡོད།ཡུལ་མིའི་སྡོད་ཁང་གི་འཛུགས་སྐྲུན་ཚང་མའི་སྲོལ་རྒྱུན་གྱི་ཕྱི་ཚུལ་ཉམས་འགྱུར་སླར་གསོ་བྱས་པའི་རྨང་གཞིའི་ཐོག་ནང་ཁུལ་གྱི་མཛེས་བཟོ་ལེགས་སུ་བཏང་ནས་སྲོལ་རྒྱུན་ཁང་པའི་ནང་གི་བཀོད་པ་སླར་གསོ་བྱས་ཏེ་ཡུལ་སྐོར་བས་ཐད་ཀར་ཉམས་འགྱུར་ལྡན་པའི་བོད་ཁང་ནང་ཁུལ་གྱི་གྲུབ་ཆ་ཚོར་ཐུབ་པར་བྱས་ཡོད།

རྟའུ་རྫོང་སྲིད་གཞུང་ཏང་ཚན་ཁག་གི་ཁོངས་མི་ལའེ་ཞའོ་ཧྥང་གིས་གསར་འགོད་པར་རྟའུ་ཡུལ་མིའི་སྡོད་ཁང་དངོས་མང་བཤམས་སྟོན་ཁང་ནི་རྟའུ་སྲོལ་རྒྱུན་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་སྒྱུ་རྩལ་ཞིབ་ཚགས་འགྲེམས་སྟོན་བྱས་པ་ཞིག་ཡིན་པར་མ་ཟད།རྟའུ་ཡི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་ཞིག་ཡིན་པས་ཡུལ་མིའི་སྡོད་ཁང་རིག་གནས་ལ་ཞིབ་འཇུག་དང་།རྒྱུན་འཛིན།སྲུང་སྐྱོང་བཅས་བྱ་རྒྱུར་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།

རྟའུ་ཡུལ་མིའི་སྡོད་ཁང་ལ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་ཕུད།རིག་གནས་དེ་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད། དཔལ་འབྱོར་ཕན་འབྲས་ཆེ་བ་ཐོན་ཐུབ་པ་བྱ་རྒྱུ་ནི་རྟའུ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱེད་པའི་གཙོ་གནད་ཡིན། སི་ཁྲོན་ནུབ་རྒྱུད་དུ་ཡུལ་སྐོར་ཡོང་མཁན་མང་བས་རྒྱལ་ལམ317དང318རྒྱུད་ཀྱི་མགྲོན་ཁང་ཚང་མར་ཚོང་བྲིན་པོ་ཡོད།

རྒྱ་ཁྱོན་སྨི་གྲུ་བཞི་མ2420ལྷག་ཡོད་པའི་དཔལ་སྨད་གཞིས་ཀ་དེ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་གཞི་རྒྱུ་སྤྱད་དེ་ལོ་གསུམ་རིང་བསྐྲུན་ཡོད་། དེར་མི་རིགས་རིག་གནས་དང་དེང་རབས་ཀྱི་གཞི་རྒྱུ་མཉམ་འདྲེས་ཡག་པོ་བྱས་པས་སྲོལ་རྒྱུན་གྱི་ངོ་བོའི་ཁྱད་ཆོས་ལྡན་ལ་འབྱུང་འགྱུར་ལ་བསམ་གཞིག་དང་འཚོལ་ཞིབ་ཀྱང་བྱས་ཡོད།

དཔལ་སྨད་གཞིས་ཀའི་མཐར་ཐུག་དམིགས་འབེན་ནི་རིག་གནས་ཀྱི་གཞི་རྟེན་ཞིག་དང་ཡུལ་སྐོར་བར་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་པའི་ས་ཚུགས་ཤིག་ལས་ཞག་སྡོད་ཁོ་ན་ཙམ་མིན། དཔལ་སྨད་གཞིས་ཀའི་འཆར་འགོད་པ་དང་གཙོ་གཉེར་བྱེད་མཁན་ཐེན་ཏེན་ཀྲེ་ཡིས་དཔལ་སྨད་གཞིས་ཀར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས་དཔལ་སྨད་ས་ཁུལ་གྱི་མགྲོན་ཁང་དང་དམངས་སྡོད་ལས་རིགས་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།རྟའུ་རྫོང་གི་གྲོང་སྡེ60ཡི་ཐུན་མོང་དཔལ་འབྱོར་དཔལ་སྨད་གཞིས་ཀའི་མ་རྐང་ནང་ཞུགས་པ་དང་མགྲོན་ཁང་གིས་ལོ་ལྟར་ཡོང་འབབ་བརྒྱ་ཆ3ནས8བར“ཁེ་སྤོགས་བགོ་བའི”ཐོག་ནས་གྲོང་སྡེ་ཁག་ལ་སྤྲོད་ཀྱི་ཡོད།གཞན་ཡང་གནས་ཚང་དེ་རྟའུ་ཡུལ་རྫོང་ཡུལ་མིའི་སྡོད་ཁང་མཐུན་ཚོགས་ཀྱི་གསོ་སྦྱོང་རྟེན་གཞིར་བྱས་ནས་གྲོང་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་སྒྱུ་རྩལ་ལ་བརྟེན་ནས་ ཡུལ་སྡེར་གསོན་ཤུགས་བསྩལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།