《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། ངེས་པར་དུ་རང་རྟོན་རང་ཚུགས་མཐའ་འཁྱོངས་བྱེད་དགོས།

        2024-08-20

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་14པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ངེས་པར་དུ་རང་རྟོན་རང་ཚུགས་མཐའ་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད། འདི་ནི་2013ལོའི་ཟླ་དང་པོ་ནས་2024ལོའི་ཟླ་3པའི་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཤིག་རེད།


    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་རྗེས་ཀྱི་དཀའ་སྡུག་དྲག་པོ་ནས་བསྐྱར་དར་རླབས་པོ་ཆེའི་འོད་ཟེར་ལྡན་པའི་མདུན་ལམ་ཕྱོགས་སུ་བསྐྱོད་པར་སྔར་ནས་བཟུང་སློབ་དེབ་མེད་ལ་སྤྱོད་ཆོག་ཆོག་གི་ལན་ངོ་མ་དེ་བས་ཀྱང་མེད། ཏང་གི་ལོ་བརྒྱའི་འབད་འཐབ་ལེགས་འགྲུབ་ཡོང་བའི་བགྲོད་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཚུགས་རང་བདག་གིས་འཚོལ་ཞིབ་བྱས་ནས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་ཁྱབ་པའི་གཞི་རྩའི་གནད་འགག་གཅིག་ནི་ཀྲུང་གོའི་གནད་དོན་དེ་ངེས་པར་དུ་ཀྲུང་གོའི་གཞི་རྩའི་གནས་ཚུལ་ལ་གཞིགས་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། ང་ཚོས་མར་ཁེ་སི་རིང་ལུགས་ལ་དད་མོས་བརྟན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་མོས་བརྟན་པོ་བྱེད་པ་མཐའ་འཁྱོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ། དེ་བས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་ལས། གྲུ་རྟགས་ཤུལ་དུ་རལ་གྲི་འཚོལ་བ་དང་སྒོ་སྡོམ་མཁྲེགས་བཟུང་བྱེད་རྒྱུ་མེད་ལ་གཞན་དཔེ་འདྲ་བཤུས་དང་ནུབ་ཕྱོགས་ཤེས་བྱར་ངོས་འཛིན་ཡང་དག་མེད་པ་དེ་བས་བྱེད་མི་རུང་།


     རྩོམ་ཡིག་ནང་བསྟན་དོན། རང་ལ་གདེང་ཚོད་ཡོད་ཚེ་གཞི་ནས་རང་སྟོབས་ཡོང་ཐུབ། ཀྲུང་ཧྭའི་ཤེས་དཔལ་ལོ་ངོ་སྟོང་ཕྲག་ཁ་ཤས་བརྒྱུད་ཀྱང་རྒྱུན་ཆད་མེད་པ་དང་། དཀའ་སྡུག་དྲག་པོ་འཕྲད་ཀྱང་་དུས་ཡུན་རིང་པོར་ཉམས་པ་མེད་པ་དེ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་ངོ་མཚར་ཞིག་ཡིན་ལ་ང་ཚོའི་གདེང་ཚོད་ཀྱི་རྨང་གཞི་ཞིག་ཀྱང་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེ་ནི་ང་ཚོས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་རྨང་གཞི་བརྟན་ཤོས་ཤིག་ཡིན། དེང་གི་འཛམ་གླིང་ཐོག་སྲིད་ཏང་གང་འདྲ་ཞིག་དང་། རྒྱལ་ཁབ་གང་འདྲ་ཞིག མི་རིགས་གང་འདྲ་ཞིག་བཅས་ལ་གདེང་ཚོད་ཡོང་ཐུབ་ཅེས་བརྗོད་ན་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་གདེང་ཚོད་ལྡན་པའི་རྒྱུ་མཚན་ཆེ་ཤོས་ཡོད། ང་ཚོ་རང་ཉིད་ཀྱི་ལམ་བུར་བསྐྱོད་པར་གར་སྟེགས་ཡངས་ཤིང་འགྲན་ཟླ་བྲལ་བ་དང་། ལོ་རྒྱུས་ཀྱི་རྨང་གཞི་གཏིང་ཟབ་པ། མདུན་སྐྱོད་ཀྱི་ངེས་ཤུགས་འགྲན་ཟླ་བྲལ་བ་བཅས་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རང་ཚུགས་རང་བདག་དང་རང་ཚུགས་རང་དར་མཐའ་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་གནས་ཐོག་འཇོག་རྒྱུ་མཐའ་འཁྱོངས། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།


    རྩོམ་ཡིག་ནང་བསྟན་དོན། ལམ་ལུགས་ཀྱི་གདེང་ཚོད་བརྟན་པོ་མེད་ཚེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བློ་སྟོབས་ཡོང་མི་སྲིད། དེ་དང་འདྲ་བར་རྒྱུན་ཆད་མེད་པའི་སྒྱུར་བཅོས་དང་ཁ་བྲལ་ཚེ་ལམ་ལུགས་ཀྱི་གདེང་ཚོད་མཐར་ཕྱིན་པ་དང་ཡུན་རིང་ཡོང་མི་སྲིད། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་ལེགས་སུ་གཏོང་རྒྱུ་དེ་ཡིན། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་སྔ་གོམ་སོར་གནས་བྱས་ནས་མ་བསྡད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་མཐུད་མེད་པར་བཟོས་ནས་ང་ཚོའི་ལམ་ལུགས་གནད་སྨིན་འཐུས་ཚང་དང་ཡུན་རིང་ཡོང་བར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ང་ཚོའི་ལམ་ལུགས་ཀྱང་སྔར་བས་གནད་སྨིན་འཐུས་ཚང་དུ་འགྲོ་ངེས་ཡིན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་མངོན་གསལ་དུ་འགྲོ་ངེས་ཡིན་པ། ང་ཚོའི་འགྲོ་ལམ་དེ་བས་རྒྱ་ཆེར་འགྲོ་ངེས་ཡིན་པ། རང་རྒྱལ་གྱི་འཕེལ་རྒྱས་འགྲོ་ལམ་གྱིས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་དེ་བས་ཆེ་རུ་འགྲོ་ངེས་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ནི་འོད་ཟེར་ལྡན་པ་ཞིག་ཡིན་པར་ང་ཚོར་བློ་སྟོབས་དང་གདེང་ཚོད་ཡོད།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛམ་གླིང་ཨའོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་།
  • ལེ་ཚན་རྗེས་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།