རབ་རིབ་མག་མོག་གི་རི་མོ།

༼ ཧུན • དུར་རོ། ༽        2024-08-19

སྙུག་ཁ་ནས་ལུད་པའི་སྣག་ཚ་དཀར་དམར་སྣ་ཚོགས། ཤོག་བུའི་ཞལ་ངོས་ལ་འདྲ་མིན་གྱི་དབྱིབས་རིས་སྣ་ཚོགས་བཀྲ་དང་བཀྲ་བཞིན་པའི་རྣམ་པ་དང་ལད་མོ། རབ་རིབ་དང་མག་མོག་ཡོད་དོ་ཅོག་ལ་རི་མོ་ཞེས་བཤད་ཆོག་པ་འདྲ། དཔེར་ན།ལག་པ་ནག་ནོག་གི་བཙོག་པའི་དུས་སུ་ཤོག་ངོས་ལ་ཐུག་རེག་བྱས་པའི་ར་མ་རི་མོ། (ར་མ་རི་མོ་ནི་འདི་ཕྱོགས་ཀྱི་ཕལ་སྐད་ཅིག་ཡིན།) གསུབ་འགྱིག་གི་བསྣོག་ཤུལ་ན་ལུས་པའི་ར་མ་རི་མོ། ཤོག་ངོས་གྱང་ངོས་སོགས་སུ་བྲིས་པའི་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་ལག་རྩལ་དང་སེམས་བྱུང་མི་འདྲ་བ་ལས་བྱུང་བའི་ངོ་མཚར་བ་དང་ཡ་མཚན་པའི་ར་མ་རི་མོ། གང་མང་མང་ཞིག་འདུག་པ་མཐའ་དག་ལ་རི་མོ་ཞེས་བརྗོད་དོ།།

ང་ཐོག་མར་རི་མོ་ཞེས་པའི་རབ་རིབ་མག་མོག་གི་འཇིག་རྟེན་ལ། གོམ་ཁ་དང་པོ་ཕྱོགས་པའི་དུས་ནི་ངེས་ངེས་ཏག་ཏག་ཅིག་སེམས་སུ་མི་འདུག་མོད། གང་ལྟར་དབྱར་ཁ་ཞིག་ཡིན། སེམས་སུ་བག་ཆགས་ཟབ་མོ་འཇོག་མཁན་གྱི་རི་མོ་འབྲི་མཁན་ཡང་ད་ལྟ་ངའི་སྣང་བའི་ཁམས་ན། འདི་ཡིན་དང་དེ་རེད་ཀྱི་གསལ་ཁ་ཡག་པོ་ཞིག་ཀྱང་མི་འདུག། རྣོ་ཞིང་ངར་ཁ་དོད་པའི་སྙུག་རྩེ། དཀར་ཞིང་འཇམ་ཤ་དོད་པའི་ཤོག་བུ། པིར་རྩེ་དང་ཤོག་བུའི་འཐབ་ཁ་ནས་སྨིན་པའི་རི་མོ། གཟབ་ནན་དང་འཛུམ་དཀར་གྱིས་ཕྱུག་པའི་འབྲི་མཁན་ཁོང་གི་ཞལ་ངོས། སོར་རྩེ་གར་ལ་བསྒྱུར་བའི་སྒྱུ་རྩལ་གྱི་རྣམ་པ། གཟི་བྱིན་ཆེ་ཆེར་མཆེད་པའི་རི་མོ་དེ་ཉིད་ཀྱི་གསོན་ཉམས། གང་ལ་ཡང་བསམ་པས་གཞིགས་ན་ཡིད་དབང་འཕྲོག་པ་ཞིག་རེད། ད་ལྟ་ངས་འབྲི་བཞིན་པའི་རི་མོ་དང་ལར་ནས་མི་འདྲ་བ་ཞིག་རེད། ད་ལྟའི་ཆར་ངས་འབྲི་བཞིན་པའི་རི་མོ་དེ་ནི་ཚད་བཀག་དང་ཐིག་ཤིང་གི་དཀྱིལ་ལ་བཙུད་ནས་ཡོད་པའི་རི་མོའི་རིགས་ཤིག་རེད། ལ་ལས་བཤད་ན་འདི་ལ་སྲོལ་རྒྱུན་རི་མོ་ཟེར། ང་ཐ་སྙད་དེ་ལའང་དེ་ཙམ་སྤྲོ་བ་ཞེ་དྲག་མེད། གལ་ཏེ་རྒྱུ་མཚན་ཞིག་བཤད་དགོས་ན། སྔོན་ནས་མེས་པོ་དག་གི་ཕྱག་ཟུང་དྲོན་མོས་ཕྱི་རབས་པ་ལ་བཞག་པའི་སེམས་ཀྱི་དྲོད་ཁོལ་ལྷག་པོ་ཞིག་ཡིན་པས། སྲོལ་རྒྱུན་རི་མོ་ཟེར་ཞིང་དམའ་འབེབ་ཀྱི་ཚིག་གི་ཟུར་སྣེ་བསྟན་དགོས་དོན་མེད་པ་འདྲ། ཁོ་ཚོས་སྲོལ་རྒྱུན་རི་མོ་ཟེར་བ་ལ་དམའ་འབེབ་ཀྱི་ཚིག་ཅིག་མི་འདུག་སྙམ་ན། དེ་ལྟ་མ་ཡིན་ཏེ། གསར་ཞེན་དང་རྟོགས་སད་མི་འདུག་ཅེས་པའི་བརྡ་རྟགས་སུ་རི་མོ་འདི་དག་ལ་སྲོལ་རྒྱུན་རི་མོ་ཟེར་བ་རེད། ཡང་ལ་ཤས་ཤིག་གིས་རི་མོ་འདི་དག་ཇི་ལྟར་བྲིས་ཀྱང་ཡར་སྐྱེད་ཡོད་པ་མ་རེད་ལ། སྔ་སོ་ནས་རང་སོར་གནས་པའི་རི་མོ་ཞིག་རེད། ཐོད་བརྒལ་དང་གང་བྱུང་ཀློང་རྡོལ་དུ་འབྲི་ཆོག་པའི་རི་མོ་ཞིག་མིན་པས་དེ་ཙམ་མི་བཟང་ཟེར། དྲང་མོར་བྱས་ན་ངའི་བསམ་པའི་བས་མཐའ་རུ་འདི་འདྲ་ཞིག་ངང་ངམ་གྱིས་ཤར་འོངས་ཏེ། མ་དགའ་རུང་། མ་འཐད་ཀྱང་། ཏན་ཏན་འདི་འདྲ་ཟེར་དགོས་མེད་པ་འདྲ། རི་མོ་ཟེར་བ་ཀ་ངོ་ར་ངོ་ཙམ་ཡང་མི་ཟིན་པའི་རིགས་ལ་མཚོན་ན། ཚད་བཀག་དང་ཐིག་ཤིང་གི་དཀྱིལ་ལ་འཇོག་པ་ཡང་། ལམ་ཁ་ལ་གོམ་པ་སྤོ་སྟངས་ཤིག་ཡིན་པ་འདྲ་སྟེ། མུ་ནས་ལམ་ཁ་འདི་ལ་སོང་ན། རྗེས་ནས་རེ་རེ་བཞིན་ལོབས་ཡོང་བ་ནི་ཆོས་ཉིད་ཀྱིས་ར་སྤྲོད་ཐུབ་པ་ཞིག་རེད། ངས་མིག་ཟུང་བཙན་གྱིས་བཙུམས་ནས་ལམ་ཁ་འདི་ལ་ལོབས་སུ་འཇུག་པ་ནི་ངའི་ད་ལྟའི་ལས་ཀ་ཉག་གཅིག་ཡིན་པ་འདྲ། འགོར་འགྱང་དང་ཕྱི་ནུད་བྱ་ས་མེད་པའི་དུས་སྐབས་ཤིག་ལ་ཁེལ་ཡོད་པ་ཡང་འདྲ། ཏན་ཏན་ད་ལྟའི་གནས་བབ་འདི་ལ། ལམ་ཁ་འདི་ཉག་གཅིག་དང་ལས་ཀ་འདི་ཉག་གཅིག་ལ་འཐམ་པ་ལས་ཐབས་མེད་པའི་ཚད་དུ་ཕྱིན། བཙན་གྱིས་འཐམ་ལ་ཡུན་གྱིས་ཁེན་དགོས་པའི་ངའི་མ་འོངས་པའི་མདུན་ལམ་ཉག་གཅིག་ཏུ་ཕྱིན་ཟིན་པ་འདྲ། ཡང་ན་ལར་ནས་དེ་འདྲ་ཞིག་མིན་ཡང་སྲིད།

ལྷོད་ཀྱིས་བསམས་ན། ཆེས་ཐོག་མར་ངའི་ཡིད་ཀྱི་མདོ་རུ་བག་ཆགས་ཟབ་མོ་འཇོག་པའི་རི་མོའི་རིགས་ནི། སྐྱ་བྲིས་ཟེར་དགོས་སམ་ཡང་ན་སྐྱ་རིས་ཟེར་དགོས་སམ། གང་ཡིན་ཆ་མ་འཚལ་བའི་ཐ་སྙད་མ་ངེས་པ་ཞིག་གིས་ང་རང་གང་ཞིག་ལ་འཐེན་ནས་འགྲོ་བཞིན་འདུག། གང་ལྟར་ཐ་སྙད་འདི་དག་གིས་ཅི་ཡང་མཚོན་མི་ཐུབ་པའི་སྣང་བ་ཞིག་འཆར་ལ། ཡང་ན་ཅི་ཡང་མཚོན་པའི་སྣང་བ་ཞིག་ཀྱང་ཡིན་སྲིད། རྒྱ་སྐད་ཀྱིས་བཤད་ན་སོའི་མྱཱ་ (素描) ཞེས་པ་ཡིན་ལ། རི་མོའི་བྱེད་ནུས་དང་གསལ་ཚད། སྒྱུ་རྩལ་ལ་གཞིགས་ན། དཀན་གཟར་གྱི་རི་བོ། དྭངས་གཙང་གི་ཆུ་བོ། སྨུག་ནག་གི་རྫ་རི། ལྷོང་ལྷོང་དུ་འབབ་པའི་རྫ་ཆུ། སྔོ་ལྗང་ལྗང་གི་ལོ་མ་དང་རྩྭ་རྐང་། མིག་དབང་རབ་ཏུ་འཕྲོག་པའི་དབྱར་ལྗོངས་ཀྱི་རྩྭ་ཐང་དང་སྤང་རི། གོས་དཀར་ཕྱིང་ལྭ་གྱོན་པའི་གངས་རི། གསོན་ཉམས་བླ་ལྷག་འབར་བའི་མི་དང་མིའི་རྣམ་འགྱུར་གྱི་ཁ་དོག་དང་དབྱིབས་རིས།རྣམ་པ་རེ་རེ་ནས་བརྙན་ཡོལ་ངོར་འཆར་བ་བཞིན་གསལ་བོར་འབྲི་ཐུབ་པའི་རི་མོའི་རིགས་ཤིག་རེད། ཏན་ཏན་དགའ་བ་ནི་འགོད་ཐབས་མེད་པའི་ནད་ཅིག་ཡིན་ཏེ། ང་ཡང་དེ་ནས་བཟུང་རི་མོ་ཞེས་པའི་སྒྱུ་རྩལ་གྱི་ཆ་ཤས་ཤིག་གི་ཞིང་ཁམས་ལ་ལོག་ཐུབ་པའི་སྣང་བ་བྱུང་། དུས་ཚོད་ནི་དངོས་གནས་མགྱོགས་པ་ལ་ཨང་ཞེས་རང་ལ་བཙན་གྱིས་འདྲི་དགོས་ཡང་བྱུང་། ངའི་རི་མོ་ནི་ཀྱག་ཀྱོག་མང་བའི་ལམ་ཕྲན་ཞིག་དང་ཀུན་ནས་མཚུངས། ཕར་བལྟས་ཚོད་དུ་དགེ་རྒན་གྱིས་དུས་རྒྱུན་རི་མོ་སྦྱོང་བཞིན་པའི་སློབ་མ་སོ་སོའི་ཕྱག་གི་རི་མོ་རེ་རེ་ལ་གཟིགས་རྗེས། ཡིད་ཚིམ་པའི་རྣམ་འགྱུར་རེ་རེ་གདོང་ལ་ཡང་ཡང་མངོན་ཡོང་མོད། འོན་ཏེ་ངའི་ལག་གི་རི་མོ་མཐོང་དཀྲལ་ཁོང་གི་གདོང་ལ་དགོད་འཛུམ་ཞིག་བཙན་གྱིས་ལངས་ཡོང་བ་འདྲ། ངས་མགོ་སྒུར་སྒུར་ཐེངས་འགའ་མ་བྱས་ཐབས་མེད་ཀྱང་ཅི་ལ་མིན། ང་ཚོའི་སློབ་གཙོས་བཤད་ན་ཅང་མི་འགོར་བར་དགེ་རྒན་གཞན་ཞིག་ཡོང་སྟེ། ཁྱེད་ཅག་ལ་ནུབ་ཕྱོགས་ཀྱི་རི་མོ་ཁྲིད་ཅེས་ངག་དག་པའི་སྨྲ་བས་ནན་ནན་གསུང་བྱུང་། དྲང་མོར་བྱས་ན་ནུབ་ཕྱོགས་རི་མོ་ཞེས་པ་ནི་ངས་སྦྱངས་ན་འདོད་པའི་སོའི་མྱཱ་(素描) ཞེས་པའི་རི་མོའི་རིགས་ཡིན།

ངས་ཐོག་མར་དཔེ་ལྟ་སའི་རི་མོ་ནི། ཧ་ཅང་གསོན་ཉམས་ལྡན་པའི་གཟུགས་རིས། དཀར་ལ་དམར་མདངས་ཆགས་པའི་ཞལ་ངོས། མངོན་གསལ་རང་བཞིན་གྱིས་དོད་པའི་མིག་གི་དཀྲི་ག པིར་སྣེ་ནས་གར་ལ་འཁྱུག་འདྲའི་སྨིན་མ། རང་སོར་རེ་རེ་ནས་འཁྱོག་པའི་རྫི་མ། གོར་ཞིང་ཆེ་ལ་རེ་བས་བཞད་པའི་མིག་ཟུང་། འབུར་ལ་ཆགས་ཉམས་ཀྱིས་འཚེར་བའི་བྲང་གི་ནུ་མ། མཉེན་ཞིང་སྒེག་ཉམས་སུ་ལྡེམ་པའི་སྐེད་པ། གོང་འོག་ཕྲ་སྦོམ་དོ་མི་མཉམ་པའི་སྒྱིད་པ། ཞེ་ལ་ཐོགས་ཤིང་ཡིད་ཀྱི་དབང་པོ་ཀུན་ནས་འཕྲོག་པའི་ལང་ཚོ་དེ་ཉིད་ཀྱི་འཕྱོར་ཉམས། བཅུ་དྲུག་ན་ཚོད་སྨིན་པའི་མཚར་སྡུག་ཆེ་ཆེར་དོད་པའི་མི་དང་མི་མ་ཡིན་གྱི་མཁའ་འགྲོ། ངས་གཟབ་ནན་ཡིན་ལ་ཡང་གཟབ་ནན་མ་ཡིན་པའི་རྣམ་འགྱུར་ཞིག་གིས་རི་མོ་དེ་ཉིད་འབྲི་མགོ་བརྩམས།

སྐར་ཆ་རེ་རེ་ནི་ཚེ་སྲོག་རེ་རེ་ཡིན་ཞེས་པ་ནང་བཞིན་ཡུད་ཙམ་ནས་ཡུད་ཙམ་ལ་བཞུར་འགྲོ་བའི་དུས་ཚོད་དང་ལོ་ཟླ།མུ་མེད་ཀྱི་ནམ་མཁའི་དབྱིངས་སུ་སྐད་ཅིག་གིས་དྭངས་འགྲོ་བའི་ཚེ་སྲོག་དང་སྐར་ཆ་གྲངས་མེད་ཅིག། ངའི་རི་མོའི་ཡག་བཙོག་གི་བདེན་དཔང་ཡང་སྐར་ཆ་འགའ་ལས་མ་འགོར་བར་སྒོར་བུད་བྱུང་། རང་སྐལ་ཟིན་ཙམ་གྱིས་ཆོད་པའི་བདུན་དང་གྲངས་ཆུང་ལྔ་རེད་འདུག།

རེ་བ་ཙམ་ཡོད་ལ་ཁ་ཕྱོགས་འཚོལ་མི་ཐུབ་པའི་ངའི་ད་ལྟའི་གནས་བབ་དང་། ལམ་ཁ་ཀྱག་ཀྱོག། ཡོད་ཚད་ནས་ཡོད་ཚད་དང་། ཆ་ཚང་ནས་འཐུས་ཚང་བར་ལ་གོམ་ཐག་རིང་བ་ནི་སུས་ཀྱང་ཤེས་ལ། ང་རང་ལ་ཡང་ངེས་གཏན་གྱི་བདེན་པ་རབ་རིབ་ཅིག་ཡོད། དྲང་མོར་བྲིས་ཤིང་། དྲང་པོར་འཇལ་ན། ངའི་འཚོ་བ་དང་ཁ་ཕྱོགས་ཡོད་ཚད་ཀྱང་ངས་བྲིས་པའི་རབ་རིབ་མག་མོག་གི་རི་མོ་ནང་བཞིན། རང་ལ་ཡང་གསལ་ཁ་དེ་ཙམ་ཞིག་ལྷག་མེད་ཚོད་དུ་སྣང་། དོན་དངོས་ཀྱི་འཇིག་རྟེན་ཡང་བྲིས་འཕྲོར་ལུས་པའི་རི་མོ་དང་འདྲ་ལ། དགའ་སྐྱོ་ཆགས་སྡང་། ཚོར་བ་མངར་སྐྱུར་ཡོད་ཚད་ཀྱང་། བྲིས་འཕྲོར་ལུས་པའི་རི་མོ་དང་འདྲ། ཡང་ན་འབྲི་ལ་ཉེ་བའི་ཡིད་ཀྱི་པདྨོར་སྦས་པའི་སྣང་བ་སྣང་ཚོགས་པའི་རི་མོ་དང་འདྲ། ད་ནི་གང་ནས་མཇལ་ཡང་ཡོད་ཚད་ལ་རི་མོ་ཞེས་པའི་ཐ་སྙད་ནས་རབ་རིབ་མག་མོག་གི་རི་མོ་ཞེས་པའི་ཐ་སྙད་ལས་གང་ཡང་ལྷག་མེད་ཚོད་དུ་སྣང་ངོ་།།


  • ལེ་ཚན་སྔོན་མ།:མཇུག་འབྲས་གཞན་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།