ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛམ་གླིང་ཨའོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་།

( སྐལ་ཐུབ་ཀྱིས་བསྒྱུར།)        2024-08-19

ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པ།

འཛམ་གླིང་དབྱར་དུས་ཨའོ་རྩལ་འགྲན་ཚོགས་སྐབས33པར་རང་རྒྱལ་གྱི་ལུས་རྩལ་པ་ཚོས་འབད་འཐབ་ཞུམ་མེད་དང་སྔོན་ཐོན་བརྩོན་ལེན། འགན་འཁྲི་དང་ལེན་བཅས་ཀྱི་སྒོ་ནས་གསེར་གྱི་རྟགས་མ40དང་དངུལ་གྱི་རྟགས་མ27དང་ཟངས་ཀྱི་རྟགས་མ24བླངས་ཏེ། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཐོབ་བྱུང་ཞིང་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་མཚན་སྙན་བླངས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་རྣམ་པ་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

ཐེངས་འདིའི་ཨའོ་རྩལ་འགྲན་ཚོགས་སུ། ཁྱེད་ཚོས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཡིད་ལ་བཅངས་ཤིང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཨའོ་ལིམ་ཕིག་ཁེ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་། ཀུན་སྤྱོད་དང་སྤྱོད་ཚུལ་བཟང་ཞིང་གཙང་མ་ལྷད་མེད་ཡིན་པའི་གསེར་གྱི་རྟགས་མ་བླང་བར་རྒྱུན་འཁྱོངས་ཤིང་། འཐབ་སེམས་ཆེན་པོ་དང་སྤྱོད་ཚུལ་ཞུམ་མེད། རྩལ་ནུས་མཐོན་པོ་བཅས་ཀྱི་སྒོ་ནས་ཀྲུང་གོ་ལུས་རྩལ་ཡར་བརྩོན་མདུན་སྐྱོད་ཀྱི་ལེའུ་གསར་པ་བརྩམས་ཡོད་ལ། ལུས་རྩལ་འཐབ་ཕྱོགས་བཅོས་བསྒྱུར་གསར་གཏོད་དང་མདུན་སྐྱོད་ཞུམ་མེད་ཀྱི་དུས་རབས་ཉམས་འགྱུར་མངོན་པར་མཚོན་ཡོད། ཁྱེད་ཚོས་དེ་བས་མགྱོགས་པ་དང་། དེ་བས་མཐོན་པོ། དེ་བས་སྟོབས་ལྡན། དེ་བས་མཐུན་སྒྲིལ་བཅས་ཀྱི་ཨའོ་ལིམ་ཕིག་ཁེའི་ལེགས་བཤད་ལག་ལེན་དུ་བསྟར་བ་དང་། འཛམ་གླིང་རྒྱལ་ཁབ་དང་ས་གནས་ཁག་གི་ལུས་རྩལ་པ་དང་འདྲ་མཉམ་འགྲན་རྩོད་དང་མཛའ་བརྩེས་སྤེལ་རེས་བྱས་ཏེ། རྩལ་ནུས་ཇེ་དྲག་ཏུ་སོང་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད་ཅིང་། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ཉམས་འགྱུར་བསྟན་པ་དང་། ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་སྙིང་སྟོབས་བསྒྲགས་ཡོད། ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ཕུལ་བྱུང་དང་སྤྱོད་ཚུལ་བཟང་པོས་སྔར་ལྷག་གིས་རྒྱལ་ཕྱི་ནང་གི་ཀྲུང་ཧྭའི་བུ་རྒྱུད་ཚོའི་རྒྱལ་གཅེས་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་སློང་ཞིང་། མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ཡོད།

ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་འབེན་ལ་དམིགས་ཤིང་། རྒྱལ་ཁབ་ཀྱི་དོན་དུ་མཚན་སྙན་བླང་བའི་འགན་འཁྲི་མི་བརྗེད་ཅིང་། རྩལ་འགྲན་ལུས་རྩལ་གྱི་མཐོ་རྩེར་རྒྱུན་ཆད་མེད་པར་འཛེག་པ་དང་། མང་ཚོགས་ལུས་རྩལ་དང་ན་ཆུང་གཞོན་ནུའི་ལུས་རྩལ་འཕེལ་རྒྱས་ཆེན་པོ་ཡོང་བར་བསྐུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་སྐུལ་བར་བྱས་རྗེས་གསར་པ་གཞག་པའི་རེ་བ་ཞུ།

མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་རྣམ་པར་རྒྱལ་ནས་ཕྱིར་ལོག་པར་རེ་སྒུག་བྱའོ།།

ཀྲུང་གུང་ཀྲུང་དབྱང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་།

2024ལོའི་ཟླ་བ8པའི་ཚེས11ཉིན།


  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ཡིས་ཁང་པ་ཉོ་བའི་སྲིད་ཇུས་གསར་པ་བཏོན་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།