འབའ་ཐང་རྫོང་གིས་སྒྱུ་རྩལ་ལ་བརྟེན་ནས་ ཡུལ་སྡེར་གསོན་ཤུགས་བསྩལ།

( ཀུན་དགའ་བསམ་གཏན་གྱིས་བྲིས། )        2024-08-19


འབའ་ཐང་རྫོང་གིས་སྒྱུ་རྩལ་ལ་བརྟེན་ནས་ ཡུལ་སྡེར་གསོན་ཤུགས་བསྩལ།

གེ་མོ་གྲོང་སྡེའི་འབའ་གཞས་རུ་ཁག་གིས་འབའ་གཞས་འཁྲབ་ནས་ཕྱོགས་བཞིའི་འགྲུལ་པ་བསུ།

བརྗིད་ཉམས་ལྡན་པའི་ཛམ་པ་ལ་བརྒལ་ནས་ཐད་ཀར་མར་བབས་དུས་སྔོ་ལྗང་རྩྭ་ཐང་ཡངས་པོའི་སྟེང་ལ་མེ་ཏོག་སྣ་བརྒྱས་ཁེངས་ཤིང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་ལུས་ལ་གཟབ་མཆོར་སྤྲས་པའི་ཕོ་མོ་གཞོན་ནུ་ཚོས་གླུ་ལེན་གར་འཁྲབ་པ་དང་། དྲི་མེད་ཁ་བཏགས་དཀར་པོས་རྒྱང་རིང་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་ཚོར་བསུ་མ་ཞུ་བཞིན་ཡོད།

སྤྱི་ཟླ8པའི་ཚེས11ཉིན་ལ། འབའ་ཐང་རྫོང་སྤོ་ཁོག་ཡུལ་ཤོག་གེ་མོ་གྲོང་སྡེར2024ལོའི་འབའ་ཐང་སྒྱུ་རྩལ་ཡུལ་སྐོར་དུས་ཚིགས་བསུ་བའི་འགོ་བཙུགས།

བདེ་སྐྱིད་གླིང་དུ་རོལ་མོ་དཀྲོལ་མཁན་དབྱང་ཝུའུ་ཏེ་ཡིས་རི་སྔོ་ཆུ་དྭངས་པའི་ཁོར་ཡུག་བཟང་པོ་འདིར་འཁྲབ་སྟོན་ཐེངས་གཅིག་བྱེད་ཐུབ་པ་ནི་ལུས་སེམས་གཉིས་ཀའི་ལོངས་སྤྱོད་བླ་མེད་ཅིག་རེད་ཅེས་བཤད། རོལ་མོ་དཀྲོལ་མཁན་ཚོ་རྩྭ་ཐང་དུ་དཀྱིལ་ཀྲུང་གིས་བསྡད་དེ་སྲོལ་རྒྱུན་གྱི་ལ་གླུ་དང་སྒྱུ་རྩལ་ཁྱད་འཕགས་མཉམ་དུ་འདྲེས་པའི་རོལ་དབྱངས་སྙན་མོ་མི་རྣམས་ཀྱི་རྣ་བའི་གསོས་སུ་བསྟབས་པས་དགའ་བའི་ཐལ་སྒྲ་རི་ལུང་ཀུན་ཏུ་ཁེངས།

ཉེ་བའི་ལོ་ཤས་རིང་། འབའ་ཐང་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་དུ་འཇུག་པ་ལག་ལེན་བསྟར་ནས་ལྟེ་བ་གཅིག་དང་སྐོར་ལམ་གཉིས། བར་ཁྱམས་གསུམ་བཅས་ཀྱི་ཡུལ་སྐོར་བར་མཐོངས་ཆགས་སྟངས་ལ་དམིགས་ཏེ། རྨང་གཞིའི་ཞན་ཆ་ཁ་གསབ་དང་ཐོན་ལས་ཀྱི་ཞན་ཆ་བཟང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་མགྱོགས་པོ་བཏང་ཡོད། 2024ལོར་སྤོ་ཁོག་ཡུལ་ཤོག་གིས“དཔེ་སྟོན་ལྔའི”འཕེལ་རྒྱས་དམིགས་འབེན་ལ་དམིགས་ཏེ་མ་དངུལ་སྒོར་བྱེ་བ་ལྷག་བཏང་ནས་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་དཔལ་འབྱོར་འོས་སྦྱོར་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་། རྩྭ་ཐང་གཙོ་དོན་དུ་བཟུང་བའི་ཡུལ་སྐོར་རྣམ་པ་བསྐྲུན་ནས་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྔོན་ཐོན་དཔེ་སྟོན་གྲོང་སྡེ་གཏོད་རྒྱུར་བརྩོན་ལེན་བྱས།

སྤོ་ཁོག་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཆོས་འཕེལ་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱིས་འཚོ་བའི་འགན་སྲུང་ཐུབ་པ་དང་རིག་གནས་སྒྱུ་རྩལ་གྱིས་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏང་དགོས། ད་ཆ་གེ་མོ་གྲོང་སྡེར་ཆེད་ལས་ཀྱི་ལ་གླུ་དང་། འབའ་གཞས། སྐོར་བྲོ། རྟ་རྩལ་བཅས་ཀྱི་འཁྲབ་སྟོན་རུ་ཁག་ཡོད་པས་ཡུལ་སྐོར་བའི་བཟའ་སྡོད་འཁྱམ་གསུམ་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། ཚང་མས་ས་གནས་དེ་གའི་ལྷད་མེད་བཟའ་བཅའ་ལ་ལོངས་སུ་སྤྱོད་ཞོར་རིག་གནས་ཀྱི་བྲོ་བ་ཕུན་སུམ་ཚོགས་པ་ཡང་མྱོང་རོལ་བྱེད་ཆོག་ཅེས་ངོ་སྤྲོད་བྱས།

གེ་མོ་གྲོང་སྡེར་བསྐྱོད་དུས་བོད་ཀྱིས་ཁྱད་ཆོས་ལྡན་པའི་སྦྲ་གུར་རེ་རེའི་སྟེང་ལ་རྟ་མཆོག་དང་འཁོར་ལོ། ནོར་བུ་སོགས་བཀྲ་ཤིས་རྟགས་ཅན་གྱི་རི་མོ་བཀོད་ཡོད་པ་མཐོང་ཐུབ་ཅིང་། དེས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་སྒྱུ་རྩལ་མཁས་ཅན་མང་པོར་བཀྲ་ཤིས་བདེ་ལེགས་ཞུ་བའི་དོན་ཡང་མཚོན།

ད་སྔའི་བར་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི7ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་འཛད་སྤྱོད་བསྡོམས་འབོར་སྒོར་འབུམ3ལྷག་ལ་ཟིན་ཡོད།

ཡུལ་མི་ཚེ་དབང་རིག་འཛིན་གྱིས་ངས་ལྗོངས་ཁུལ་དུ་བཙུགས་པའི་ཚོང་ཁང་ལ་རང་ཡུལ་གྱི་ཁྱད་ཆོས་ཡོད་པས་ལྗོངས་ཁུལ་གྱི་ལྟད་མོ་བལྟ་བྱའི་གྲས་སུ་ཚུད་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཟླ་རེར་ཡོང་འབབ་སྒོར6000ཙམ་རག་གི་ཡོད་པས་ཕྱི་ལ་ཞོར་ལས་བྱེད་པ་ལས་དགའ་འདུག། ཡོང་འབབ་བརྟན་པོར་ཡོད་པའི་ཁར་ད་དུང་ཁྱིམ་ཚང་ལ་ཡང་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

འབའ་ཐང་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་མགོ་གཙོ་ཧོ་ཀྲུང་གིས་ཕྱིན་ཆད་འབའ་ཐང་རྫོང་གིས་སྒྱུ་རྩལ་གྱིས་གསོན་ཤུགས་སློང་བ་དེ་ཡུལ་སྡེ་དར་རྒྱས་ཡོང་བའི་གཞི་འཛིན་བྱེད་དུ་བརྩིས་ནས་སྒྱུ་རྩལ་གྱི་བྱེད་ཐབས་བརྒྱུད་ནས་ཡུལ་སྡེའི་རིག་གནས་དར་རྒྱས་གཏང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བསྐུལ་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་དཀར་མཛེས་གསེར་རྟ་རྫོང་དུ་ཁང་པ་གསར་པ་སྤྲད་ནས“འབྲོག་པ”“གྲོང་མིར”གྱུར་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།