དང་པོ་མ་ཕྲད་ཆོག་ག། གྱེས་གདུང་ཁུར་དོན་མི་འདུག།

        2024-08-26

གྱེས་བྲལ་རེ་རེ་སྡུག་བསྔལ་གྱིས་མཇུག་བསྡུ་དགོས་ན། དང་པཔོ་ནས་ཐུག་འཕྲད་ཀྱི་ལས་འཕྲོ་མེད་ན་དགའ་བ་ལ་ཨང་།

དེ་རིང་ནི་ངས་ད་ལོར་བརྗེས་པའི་ལས་ཐེངས་གསུམ་པའི་ཉིན་མཐའ་མ་དེ་ཡིན། ཕྱིར་ལོག་དུས་ཁ་སང་ལྟར་ལམ་ནས་གཞས་གཏོང་སྙིང་མ་བྲོ་བར། རྐང་འཁོར་དལ་བུར་བསྐྱོད་ཅིང་འགྲུལ་བཞུད་ཧྲིལ་པོ་མནོ་བསམ་གཏོང་གིན་དུ་ཚར་སོང་། ནང་ལ་སླེབས་དུས་སེམས་ད་དུང་ཟང་ངེ་ཟིང་ངེར་འདུག་པས། དུས་རྒྱུན་འགྲོ་སའི་ཟས་ཁང་ལ་སོང་ནས་བཏུང་བྱ་བཏུངས། གཞས་ལ་མཉན་ནས་སེམས་སྐྱིད་ཐབས་བྱས་པ་ཡིན། ང་ནི་སྔོན་ཆད་ནས། མི་སྐོར་ཞིག་དང་དུས་གང་འཚམ་གཤིབ་ན་གྱེས་དུས་སེམས་ཤིན་ཏུ་མ་སྐྱིད་པ་ཞིག་ཡོང་གི་ཡོད། དེ་སྔོན་ངས་ཕ་ཡུལ་ནས་གསོ་སྦྱོང་འཚོགས་ནས་མཇུག་བསྒྲིལ་རྒྱུའི་སྔ་ཉིན་གྱི་ནུབ་མོ་དེར། བྲལ་མི་བཟོད་པའི་སེམས་གདུང་ཞིག་གིས་ང་རང་མཚན་གང་མནར་ནས་གཉིད་མ་ཁུག་པ་བྱས་མྱོང་། དེའི་རྒྱུན་ད་དུང་ཡང་བསྡད་ཡོད་པ་འདྲ། ད་རེས་ཀྱི་ལས་ཀ་འདི་སྔ་མ་གཉིས་ལས་གུ་ཡངས་ལ་སྐྱིད་ཀྱང་སྐྱིད། སྔ་མ་གཅིག་སྟེ། ཟོག་འདྲེན་མཐུན་གཉེར་ཁང་དུ་རྩིས་པའི་ཁུར་བླངས་ནས་བསྡད། དེའི་རིང་ཁ་བ་འབབ་ཞོད་ཆེ་བས། གཉན་ཆེན་ཐང་ལས་ཟོག་འཁོར་དུས་ཐོག་མ་བཏང་བས་ང་ལ་ངལ་གསོ་ཡིད་ཚིམ་པ་ཞིག་རྒྱག་ཁོམ་ཡོད་མོད། ཚོང་བདག་རྒྱ་རིགས་བཟང་ཚང་དེ་གཉིས་ཉིན་རྟག་པར་དོན་ཆེ་ཆུང་མེད་པར་ཁ་རྩོད་རྐྱང་རྐྱང་བརྒྱབ་པས་ང་རང་རྦད་དེ་སུན་ནས་ལས་དགོངས་ཞུས་པ་ཡིན། ཅིག་ཤོས་ནི་ཞིབ་དཔྱད་མཐུན་གཉེར་ཁང་དུ་ཞིབ་དཔྱད་པ་ཡིན་ཁུལ་གྱིས་སྐབས་རེ་ནང་དུ་གློག་ཀླད་དང་འགྲོགས་ནས་ལས་བརྩམས། མཚམས་རེ་ལས་གྲྭར་སོང་ནས་རྨང་སའི་མཁྲེགས་ལོད་བརྟག་པ་སོགས་ཀྱིས་ཉི་མ་མང་བོ་བཏང་རྗེས་ཡང་སྐོར་བསྐྱར་སྐོར་གྱིས་ལས་ཀར་ཉོབ་ནས་སྡོད་འདོད་མ་བྱུང་བར་གྱེས་པ་ཡིན།

ད་རེས་སྔ་མ་གཉིས་ལྟར་དུས་ཚོད་ཀྱི་བཀོད་སྒྲིག་ལྟར་ལས་ཚོགས་ལ་རྒྱུག་ཅིང་ལས་གྲོལ་ལ་རེ་སྒུག་བྱེད་མི་དགོས་ལ། ཉིན་གང་མགོ་ཁྲིད་དང་རྐུབ་སྟེགས་ཁ་ནས་གློག་ཀླད་བསྲུངས་ནས་སྡོད་མི་དགོས། རྗེས་ལུས་ཐེབས་ཀྱང་གཤེ་གཤེ་གཏོང་མཁན་མེད་ལ། གང་སར་ཆས་ཀྱང་བཀག་འགོག་ཀྱང་མི་བྱེད། ལས་ཀ་དང་ཁྲོམ་སྐོར་བ་གཞི་གཅིག་ཏུ་འདྲེས་པ། སྒོར་མོ་གསོག་པ་དང་སྤྲོ་སྣང་འཚོལ་བ་ཆ་ལ་ཡོང་བའི་ལས་རིགས་ཤིག་སྟེ། བོད་སྐད་དུ་གྲལ་བཤེར་ཞེས་བྱ་སྟེ། མི་ཚང་རེ་རེའི་སྒོ་ཐེམ་བརྒལ་ཏེ་ཁང་བའི་གནས་ཚུལ་ཐོ་འགོད་བྱ་རྒྱུ་དེ་རེད། གྲོང་གསེབ་ནས་འགོ་བརྩམས་ཏེ་ད་ལྟའི་ལས་རྒྱུན་གྲོང་ཁྱེར་དུ་སླེབས་ཡོད། གྲོང་གསེབ་ན་ཁང་བརྩེགས་སྐྱ་སྦྲེལ་ཅན་ཉུང་ཞིང་སྲང་ལམ་རྒྱ་ཆེ་བས། ཁང་བ་འཚོལ་བདེ་ལ་པར་ལེན་རྒྱུར་སྟབས་བདེ་མོད། སྒོ་བརྡུངས་ན་ལས་སླ་པོར་མི་ཕྱེ་ལ། ཕྱེ་བ་དང་ཁང་བ་ཐོ་རྒྱག་མཁན་ཡིན་ཞེས། གཞུང་ཐེལ་བརྒྱབ་པའི་ཡིག་ཆ་བསྟན་ཏེ་ཁ་ལྕེ་གང་མྱུར་གྱིས་འགྲེལ་བཤད་གང་འཚམ་ཞིག་མ་བརྒྱབ་ན། ཞེད་སྣང་ངམ་དོགས་སྣང་ཞིག་གིས་ཐོབ་ཐང་ལག་ཁྱེར་ལས་སླ་བོར་མཁོ་འདོན་བྱེད་ཀྱི་མི་འདུག ངའི་སྐྲ་རིང་བའི་ཆ་ལུགས་ཀྱིས་རྐྱེན་པས་ཡིད་མ་ཆེས་པ་ཡིན་ནམ། ཡང་ན་རང་ཉིད་ལ་ལག་ཁྱེར་མེད་པས་བློ་མ་བདེ་བ་མིན་ནམ། ཅི་ཆ། གང་ལྟར་མི་ཚང་ལ་ལར་ཐོ་རྒྱག་མཁན་ཡིན་ལབ་པ་དང་། སྒོ་གཏན་ནས་མི་ཕྱེ། ལ་ལར་ཁ་པར་ཨང་གྲངས་ཁག་ཐེག་ལྟ་བུར་བཞག་ན་ད་གཟོད་གཞོགས་འདེགས་བྱེད། དེ་ནས་ངས་པར་བླངས། ཐོ་འགོད་པའི་ཚེ་"རྒན་ལགས། འདིར་འཛུགས་སྐྲུན་བྱེད་ཀྱི་རེད་ཟེར། དེ་དངོས་གནས་རེད་པས།"ཞེས་རང་ཁྱིམ་ཤོར་དོགས་ཀྱིས་སེམས་ཁྲལ་གྱིས་བཏོན་པའི་ང་ལ་ལན་འདེབས་དཀའ་བའི་སྐད་ཆ་མང་པོ་འདྲི། ངས་མ་རེད་ཅེས་སྐྱག་རྫུན་གྱིས་སེམས་གསོ་བ་ལས་ཅི་བྱ། གང་ལྟར་ས་བཀྲར་མ་ཚུད་པ་དག་ཐར་ས་གོམ་གང་མེད། འབྲོག་པས་རྩྭ་ས་དང་། ཞིང་པས་ས་ཞིང་ལ་བརྩི་ཞིང་ཆགས་པ་བཞིན། གྲོང་གསེབ་པའི་ཁང་པར་སྲོག་ལྟར་གཅེས་པར་བྱེད། ཁོ་ཚོ་ཕལ་ཆེར་ས་སྐྱེས་རྡོ་སྐྱེས་མིན་པར་ས་སྟོང་དུ་ཁང་བཞེངས་ཀྱིས་གཞིས་ཆགས་པའི་གོ་འཇོ་བ་དང་བྲག་གཡབ་པར་ངེས། ནམ་མཁའ་གཅིག་གི་འོག་གི་ཆུ་ཕར་ཚུར་གཉིས་ཀྱི་མི་ལ་དེ་འདྲའི་ཁྱད་པར་ཆེ་བ་ལ། གྲོང་ཁྱེར་བ་ན་རེ། ཁང་པ་སྒལ་པར་ཁྱེར་ནས་འགྲོ་ནི་མ་རེད་ཅེས། བློ་བདེ་པོའི་ངང་ནས་ཐོ་འགོད་ལ་གཞོགས་འདེགས་བྱེད་པ་ཡིན།

ངའི་ལས་གྲོགས་ཚོ་གཅིག་ལས་གཅིག་ཁ་གསང་ལ་ཆོབ་ཚ་བ། ལག་ཡངས་ལ་ལས་ཀ་ཧུར་པའི་སློབ་ཆེན་སློབ་ཐོན་པ་སྐོར་ཞིག་སྟེ། ང་ཚོས་ཆོ་ཡོད་ལ་མེད་ལའི་སྐད་ཆ་སྐྱུག་ཅིང་དབྱིངས་ཡོད་ལ་མེད་ལའི་པར་སྣ་ཚོགས་རྒྱག་ཞོར། གནམ་གཤིས་དྲོ་བསིལ་གྱི་རྣམ་འགྱུར་ལ་བསྟུན་ནས་སྒྱིད་ལུག་གི་གོམ་པ་བརྒྱབ་སྟེ། སྲང་ལམ་ཡངས་དོག་ཅི་རིགས་ཀྱི་བར་ནས་ས་བཀྲའི་ནང་ནས་རང་ཉིད་ཀྱི་བཙལ་བྱའི་ཁང་པ་དེ་ཉུལ་བཞིན་ཉུལ་བཞིན་ཆས། ཆང་ལ་འཛད་པ་མེད་ན་གཏམ་ལ་ཚར་བ་མེད་པ་བཞིན། དུས་ཚོད་ཀྱིས་འདང་ན་ང་ཚོའི་ཁ་བརྡ་ལས་སླ་པོར་མཇུག་བསྒྲིལ་རྒྱུ་མ་རེད། གཅིག་རྔ་གཅིག་གིས་མཐུད་དེ་རྒྱུན་སྐྱོང་བ་རེད། ཚིག་རྔ་སྐྱོང་བྱེད་བརྒྱ་ཆ་དགུ་བཅུ་གཞན་སྐད་ཡིན་པས། བོད་མི་རང་གི་ཁ་ནང་ནའང་བོད་སྐད་ནི་ཅི་འདྲ་ཉམ་ཆུང་ལ་ཨང་། ང་ཚོས་རལ་གྲི་མ་འཕྱར་བར་རང་གི་ཚེ་སྲོག་གཅོད་ཀྱིན་ཡོད་པ་ངས་གསལ་བོ་ཚོར་ནའང་། ཟོན་བྱེད་གང་ཐུབ་ཀྱིས་སྦྲགས་སྐད་མང་ཙམ་སྨྲ་བ་ལས། ཕ་སྐད་གཙང་མ་ནི་ཕ་རིའི་སྤང་རྒྱན་རེད། གླེང་ཙམ་གྱིས་སྐད་ཆའི་འཕྲོ་ཆད་དེ་ཚང་མ་ཁུ་སིམ་གྱུར་ནས་འགྲེལ་བཤད་ཀྱི་ལས་འགན་ཕྲག་སྟེང་དུ་འབབ་ངེས། དེ་དུས་རང་ཚུགས་དང་ལ་རྒྱ་ཟེར་བ་ལ་གད་སྙིགས་ཤིག་གི་མཐོང་ཡང་མི་འདུག། ད་དུང་ཕ་སྐད་གཙང་མ་ཨུ་ཚུགས་ཀྱིས་བཤད་ན་ཁྱུ་ལ་མི་ཚུད་པར་ཁྱུ་ཡན་དུ་གྱུར་ནས། བསེ་རུ་བཞིན་གཅིག་པུར་ལུས་ཀྱང་སྲིད།

ང་ཚོས་ཁ་པར་ལས་ས་བཀྲ་དེད་དེ་རྨེ་རུ་ནས་གཡས་སྐོར་གྱིས་རྗེ་འབུམ་སྒང་ལ་སྐོར་བ་གཅིག་ཙམ་འཁོར་རྗེས་སུ་ཚ་གདུག་ཤིན་ཏུ་ཆེ་བས་ཚང་མ་འགྲོ་མ་སྒྱིད་པར་ངལ་གསོ་རྩིས་བྱས། ཤོ་གཡུགས་ཏེ་ཤོ་མིག་དམའ་ཤོས་དེས་སྐོམ་སེལ་དུ"བཏུང་བྱ"ཉོ་རྒྱུ་བྱས། ང་ལ་སྔ་གུང་གཉིས་ལ་ཤོ་མིག་དྲུག་ལངས་པས་དེ་རིང་གྲོད་པ་བཙོངས་ནས་བསྡད་པ་ཡིན་ཟེར་ནའང་ཆོག། ང་ཚོར་ཁང་པ་རེ་ཐོ་བཀོད་ན་རྔན་པ་སྒོར་རྡོག་གསུམ་རེ་ཡོད་མོད། མ་གཞིའི་གླ་ཆ་དེ་ཙམ་གྱིས་བློ་ཁེངས་པ་འདྲ། དེ་རིང་གི་ང་ཚོར་སྒོར་མོས་སྐུལ་ལྕག་ཅི་ཡང་མ་ཐེབས། ཚང་མ་ཉོབ་ནས་རྨི་བརྒྱ་ཙམ་གྱི་ས་ནས་ངལ་རེ་གསོས། ལབ་རེ་བརྒྱབ། ལས་འགན་མ་འགྲུབ་པར་གླིང་ག་གཏོང་བར་འགྲོ་རྩིས་ཀྱི་འཆར་གཞི་སྙིང་རྗེ་པོ་རྐྱང་རྐྱང་བཟོས་ནས་བསྡད། ཚོང་བདག་གློ་བུར་དུ་སྐོར་རྒྱག་པར་ཡོང་དོགས་ལ་སོ་ལྟའང་བྱས། མ་གཞི་ཁ་རོག་ལ་གླིང་གར་སོང་ན་ཆོག་ལ། རང་རང་གིས་འཐད་ཚུལ་བཤད་མོད། སུས་ཀྱང་ལག་ལེན་དུ་འདེབས་མ་ཕོད། དེ་ལྟར་དམིགས་ཡུལ་མེད་པར་ཡར་འགྲོ་མར་འགྲོའི་ངང་ཁྲོམ་ལ་ཉིན་གང་ཕྱིན་ཀྱང་ཉོ་ཆ་ཅི་ཡང་མ་བརྒྱབ། དགོན་པ་ཐེངས་མང་བསྐོར་ཀྱང་མ་ནི་ཚར་གཅིག་ཀྱང་མ་བཏོན། ང་ཚོས་དེ་རིང་གི་ལས་འགན་མ་འགྲུབ་ལ། ཕྱི་དྲོར"སྐྱིད་པོ"གཏང་རྒྱུའང་མ་བྱུང་བར། ཐུན་མོང་གི་ཉིན་གཅིག་ཚར་སོང་། ང་ད་ལྟའི་ལས་ཁུངས་ཀྱི་ལས་མི་བྱེད་པའི་ཉིན་མཐའ་མའང་འདི་ལྟར་རྫོགས་ནས་ཡལ་སོང་།།

རྩོམ་པ་པོ། ལུག་རྫི།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རབ་རིབ་མག་མོག་གི་རི་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།