སློབ་འགོ་ཚུགས་དུས་སློབ་མའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱ་དགོས།

        2024-09-05

སློབ་འགོ་ཚུགས་པའི་དུས་ཚིགས་སླེབས་སྐབས་སློབ་མ་ཁ་ཤས་ལ་བྲེལ་འཚུབ་ཆེ་བ་དང་། ཡི་ག་ཞན་པ། གཉིད་མི་ཁུག་པ་སོགས་ཀྱི་ནད་རྟགས་ཐོན་ནས་ཁྱིམ་བདག་གིས་སེམས་ཁྲལ་བྱེད་ཀྱི་ཡོད། དེ་བས་སློབ་སྐབས་གསར་པ་ལ་ཇི་ལྟར་བྱས་ནས་སློབ་མའི་ལུས་སེམས་བདེ་ཐང་ཡོང་བར་བྱ་དགོས་རེད་ཟེར་ན།

     ཐོག་མར། ཁྱིམ་བདག་གིས་ཧུར་བརྩོན་གྱིས་འཆམ་མཐུན་གྱི་ཁྱིམ་ཚང་གི་འབྲེལ་བ་དང་འབྲེལ་འདྲིས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། བྱིས་པའི་མྱོང་ཚོར་དང་དཀའ་ངལ་དག་ཁྱིམ་བདག་ལ་བཤད་རྒྱུ་སྐུལ་མ་བྱས་ཐོག། ཁྱིམ་བདག་གིས་ངང་རྒྱུད་རིང་པོས་ཉན་དགོས་པ་ལས། བྱིས་པའི་སེམས་ཁམས་ཀྱི་མྱོང་ཚོར་ལ་བར་ཆད་དང་ཁས་མི་ལེན་པ་བྱེད་མི་རུང་། གཉིས་ནི་བརྩེ་དུང་གྱི་འབྲེལ་ཤུགས་ཆེ་རུ་བཏང་ནས་ཁྱིམ་བདག་དང་ཕྲུ་གུ་ཐུན་མོང་ཐོག་བྱེད་སྒོའི་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཕྲུ་གུར་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་དུ་འཇུག་པ་དང་གཏོགས་ཚོར་ཆེ་རུ་གཏང་དགོས། གསུམ་ནི་སློབ་མའི་ངལ་གསོའི་དུས་ཚོད་དང་འཚོ་བའི་གོམས་གཤིས་ལེགས་པར་བསྒྲིག་དགོས་ཤིང་། སློབ་གྲྭར་འགྲོ་བའི་ངལ་གསོའི་དུས་ཚོད་དང་གཅིག་མཐུན་ཡོང་བར་བྱས་ཏེ། ལུགས་མཐུན་གྱི་བཟའ་བཏུང་དང་འོས་འཚམ་གྱི་འགུལ་སྐྱོད་རྒྱུན་འཁྱོངས་བྱ་དགོས། བཞི་ནི་ཁྱིམ་བདག་དང་སློབ་མ་གཉིས་ཀྱིས་མཉམ་དུ་ལུགས་མཐུན་གྱི་སློབ་སྦྱོང་འཆར་གཞི་བཟོས་ཏེ། ཕྲུ་གུར་སློབ་སྐབས་གསར་པའི་དམིགས་ཚད་ཆུང་ཆུང་གཏན་འཁེལ་བྱེད་པ་དང་། ཕྲུ་གུའི་རིན་ཐང་གི་འདུ་ཤེས་དང་ཡིད་ཆེས་ཀྱི་བསམ་པ་ཇེ་དྲག་ཏུ་གཏང་དགོས། 

     ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་བྱས་ཏེ། དེ་དང་འདྲ་མཉམ་ངང་འབྲེལ་འདྲིས་བྱ་དགོས། ཁོ་ཚོར་རང་ཉིད་ཀྱི་མྱོང་ཚོར་གང་མོས་མོས་ཀྱི་སྒོ་ནས་བཤད་རྒྱུར་ཁྲིད་སྟོན་བྱ་དགོས། ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ངན་པ་འབྱུང་བ་ཤེས་ཚེ། ཉན་ཤེས་དགོས་པ་དང་། དུས་ཐོག་ཏུ་བྱིས་པར་བློ་སྒོ་འབྱེད་དགོས་པ་དང་། ཁོ་ཚོར་རང་ཚུགས་ཀྱི་བར་སྟོང་ངེས་ཅན་ཞིག་སྟེར་དགོས་པར་མ་ཟད། བྱིས་པའི་རང་སྣང་གི་འདོད་མོས་ལ་བརྩི་འཇོག་བྱས་ཏེ། ཁོ་ཚོའི་དགའ་ཕྱོགས་བསྐྱངས་ནས། བྱིས་པ་ཐུན་མོང་གི་བྱ་འགུལ་ལ་ཞུགས་པར་བསྐུལ་ཏེ། ཁོ་ཚོའི་སེམས་ཁམས་ལ་སྔར་ལས་དྲོ་ཁོལ་སྦྱིན་དགོས།




ལས་ཞོར་གསར་འགོད་པ། བློ་བཟང་དོན་འགྲུབ།  

རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ། 


  • ལེ་ཚན་སྔོན་མ།:སྙིང་རྩ་འགག་པའི་ནད་ཀྱི་མྱུར་སྐྱོབ་ཤེས་བྱ་འདི་དག་ཁོང་དུ་ཆུད་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།