ཟླ་སྒྲོན་བདག་ལ་ཡང་བསྐྱར་སྙན་ངག་ཅིག་གྱེརརོགས།

ནག་ཤོད་ང་རོའི་འཚེར་སྒྲ།        2024-09-06

གློ་བུར་དུ་ང་ལ་སེམས་གཅོང་མང་པོ་ཞིག་ཡོང་དོན་ཅི།

ཕྱིན་ཟིན་པ་དག་བག་ཕེབས་ངང་ཕྱིན་ཟིན་རྗེས།

ཅི་ཞིག་ལ་འགོར་ནས་ཕྱི་འབྱོར་དུ་ལུས་སོང་བའི་ང་རང་ནི།

ལོ་རྒྱུས་ཀྱི་གླེགས་བམ་དམ་དུ་འཛིན་པ་ལས།

ཁྱེད་ཀྱི་དཀའ་སྡུག་གི་མི་ཚེ་ང་ཡི་ཐེག་ནུས་ཤིག་ག་ལ་ཡོད།

ཀྱེ། ཚངས་དབྱངས་རྒྱ་མཚོ་དོ་ནུབ་ང་

ཡིས་ཁྱེད་རང་ལྷག་པར་དྲན།

ཁྱེད་མ་གཞི་བདག་གི་རྗེ་ཡིན་རུང་།

དོ་ནུབ་ང་ཡི་གྲོགས་སུ་འབོད་པར་འདོད།

ངས་སྙན་ཚིག་རིང་མོ་ལ་ངའི་ཁེར་གདུངས་ཀྱི་

ལོ་ཆང་མཆོད་རྗེས།

གྲོགས་པོ་ཁྱེད་དང་མཉམ་འཛོམས་ཐེངས་ཤིག་བྱེད།

དོ་ནུབ་འདི་ག་རུ་ཆོས་ཁྲིམས་དང་སྲིད་ཁྲིམས་

གང་ཡང་མེད་པས།

རང་དབང་ཆེན་པོས་མཛའ་གཞས་སྙན་མོ་

ཞིག་གཏོང་ཡང་ཆོག།

ཡང་ན། ཁྱེད་ཀྱིས་སྙན་ངག་ཅིག་འབྲི་ཡང་ཆོག།

བྲིས་ནས་བྲིས་མ་ཚར་བའི་མ་སྐྱེས་ཨ་མར་ཕུལ་

བའི་མཛའ་འཕྲིན་ཞིག་ཡིན་ཆོག་ལ།

ད་ལྟའི་གནས་དུས་ནས་མཐོང་བའི་སྲིད་ཕྱོགས་ཀྱི་

མཐོང་སྣང་ཡང་ཡིན་ཆོག།

དེ་མིན་གྱི་བདག་ཀྱང་དམ་པའི་ལྷ་ཆོས་སུ་

འགྲིམ་པའི་ལུང་བསྟན་ཞིག་ཀྱང་ཡིན་ཆོག།

འོན་ཀྱང་སྒྲ་ཅི་ཡང་མེད་པར་ཁུ་སིམ་མེར་དང་

ལྷོད་ཤིག་གེའི་ངང་གཏན་དུ་མ་བཞུགས་རོགས།

མཚན་ལམ་གྱི་སྒེའུ་ཁུང་འདི་ནས།

གདོད་མའི་རླུང་བུ་ཞིག་དལ་གྱིས་ལྡང་ཡོང་།

མཁའ་དབྱིངས་ཀྱི་དཀར་གསལ་ཟླ་བ་དེ་ཁོ་ནས།

ངའི་དྲན་པ་ལ་གདུངས་པའི་མཚོ་མོ་འཕྱོ།

ཟླ་སྒྲོན་དོ་ནུབ་གནས་འདི་ནས་ངས་ཚངས་དབྱངས་

རྒྱ་མཚོ་ལྷག་ཏུ་དྲན་པས།

ཁྱེད་ཀྱིས་ངའི་དྲན་གདུངས་འཇོམས་ཕྱིར་

ཚངས་མགུར་ཞིག་དབྱངས་སུ་གྱེར་རོགས།

 

 

  • ལེ་ཚན་སྔོན་མ།:ད་ནི་ང་རང་མི་རྒན་འགྱུར་བཞིན་འདུག།
  • ལེ་ཚན་རྗེས་མ།:ཞེ་སྨྲེང་བའི་མགུར།