ཟླ་འོད་མེད་པའི་མཚན་མོ།

ཉག་ཕྲན།        2024-09-06

ནམ་མཁའ་སྨག་རིམ་གྱིས་བཏུམས་ཏེ་ཟླ་བ་གཅིག་པུ་དམར་རྗེན་ངང་གང་ཞིག་ཏུ་བདས། ང་གཅིག་པུས། མི་ཡུལ་གྱི་ས་གཞི་ཆེན་པོ་དྲན་གདུང་གི་རི་བོས་མནན་ཏེ་ཡང་ནས་ཡང་དུ་ཟླ་བ་བཙལ། ཟླ་འོད་བཙལ།

ཟླ་འོད་མེད་པའི་མཚན་མོར། ངས་འབུ་མེ་ལྕེབས་ལ་འོད་སྣང་གཡར་ནས་ཁུ་སིམ་མེར་གནས་པའི་མཚན་མོའི་ལྷིང་འཇགས་དཀྲོགས། མཚན་མོ་གང་མང་ཞིག་ལ་གཉིད་ཁུག་གིན་མེད་པའི་ཁེར་ཧྲང་གི་མི་དག་གི་མཛེས་སྡུག་གི་རྨི་ལམ་དཀྲུགས། དེ་ནས་ལུག་ཁྱུ་འདྲོགས་ཏེ་ལྷས་ནས་བྲོས། ནོར་ཁྱུ་བསྔངས་ཏེ་རྡང་ལས་ཤོར། ཨ་ཕ་ལུག་ཁྱུའི་རྗེས་སུ་སྟོད་ལ་རྒྱུག། ཨ་མ་ནོར་ཁྱུའི་རྗེས་སུ་སྨད་ལ་རྒྱུག། ངས། སྒོ་ཁྱིའི་ཟུག་སྐད་ཀྱི་རོལ་དབྱངས་ལ་ཉན་ཞོར་ཕ་གིའི་རི་ངོས་ན་གནས་པའི་རེ་གསལ་རེ་མོག་གི་མིག་ཟུང་མང་པོར་བལྟས་ནས་བསྡད། ཨ་ཕས་བཤད་ན་དེ་ནི་རྩ་འཛུགས་རང་བཞིན་ལྡན་པའི་དམག་དཔུང་སྟོབས་ཆེན་ཞིག་ཡིན་ཟེར་ལ། སྤྱི་ཚོགས་རྙིང་པའི་ནང་དུ་དེས་ཀྱང་དཔལ་འབྱོར་ལ་གནོད་འཚེ་ཆེན་པོ་བཟོས་མྱོང་ཟེར། འོན་ཀྱང་། དོ་དགོང་དཔུང་ཆེན་དེས་ཚུར་རྒོལ་བྱས་མ་སོང་བས། ངས་སྔར་བཞིན་ནག་རོག་རོག་དང་སྟོང་ལྷང་ལྷང་གི་ནམ་མཁའ་ནས་ཟླ་བ་བཙལ། ཟླ་འོད་བཙལ།

ཟླ་འོད་མེད་པའི་མཚན་མོར། ཁེར་རྐྱང་གི་མི་རྣམས་ཀྱིས་ལྦུ་ཆང་དམ་བི་རེ་བཟུང་ནས་ཧང་ཆུ་སྔོན་མོའི་འགྲམ་དུ་འདུས་ཏེ་ལབ་གླེང་བྱེད་ཀྱིན་འདུག། གྲང་ཤུར་ཤུར་གྱི་རླུང་བུས་གཙང་པོའི་རླབས་རིས་གཡོས་ཤིང་། གཙང་འགྲམ་གྱི་སྡོང་རྒན་གཅིག་པུ་དེའི་ཡལ་འདབ་ཀྱང་དལ་བུར་སྐྱོད་ཀྱིན་འདུག། ཁོ་ཚོས་འབྱམས་ཀླས་པའི་རྩྭ་ཐང་ལ་རྒྱབ་བསྙེས་ནས་ལྦུ་ཆང་ཁམ་གང་རེ་བཏུང་རྗེས་སྨག་རིམ་གྱིས་བཏུམས་པའི་རྒྱང་རིང་གི་རི་བོར་བལྟས་ཏེ་ཆུང་དུས་རྟར་བཞོན་ནས་ཟོག་རྫི་ཡིན་དུས་ཀྱི་སྣང་བརྙན་དག་ཡིད་ལ་ཝ་ལེར་ཤར་ཞིང་། བུ་མོ་རེ་འགར་ལ་གཞས་ཐན་ཐུན་རེ་བླངས་མྱོང་བའང་དྲན།

གཙང་པོ་ལྷུང་ལྷུང་ངང་གང་དུ་བཞུར་སོང་། མི་ཚེ་འཚབ་འཚུབ་ངང་གང་ལ་བྲོས་སོང་། དེ་ཡོད་ཚད་དཀར་གསལ་གྱི་ཟླ་བར་གསལ་མོད། ཟླ་འོད་མེད་པའི་མཚན་མོར་ངས་འདི་དག་སུ་ལ་འདྲི། ལོ་ཟླ་བཙག་རླུང་གིས་མནར་ནས་ཤི་ལ་ཁད། ལང་ཚོ་ཆར་ཞོད་ཀྱིས་བརླན་ནས་ཐེད་ལ་ཁད། མི་ཚེ་གྲང་ངར་གྱིས་བསྡམས་ནས་ཕྱིད་ལ་ཁད། ཕུགས་བསམ་འཚོ་བ་ཡིས་མནན་ནས་ལོག་ལ་ཁད། འདི་ཡོད་ཚད་ཟླ་བར་གསལ་མོད། ཟླ་འོད་ལ་གསལ་མོད། འོན་ཀྱང་། ཟླ་འོད་མེད་པའི་མཚན་མོར་ངས་ཟླ་བ་གང་དུ་འཚོལ། ཟླ་བ་མེད་ན་ངའི་དྲི་བ་འདི་ཚོར་ལན་སུ་ཡིས་འདེབས།

ཟླ་འོད་མེད་པའི་མཚན་མོར། ངས་འཇམ་ཐིང་ཐིང་གི་མཚན་རླུང་ལ“ཁེར་རྐྱང་ཟེར་བ་ཅི་རེད”ཅེས་དྲིས། རླུང་བུས་ཁྲེལ་དགོད་ཅིག་བྱས་པ་ལས་ལན་གནང་མ་བྱུང་ལ་དེ་ལན་ཡིན་ཡང་སྲིད།ངས་ཨམ་ཕྲག་ནང་ནས་ཤོག་སྣེ་ཞིག་བླངས་ཏེ་དེའི་སྟེང་དུ་ནམ་མཁའ་དང་ཟླ་བ་བྲིས། སྐར་ཚོགས་དང་འཇའ་ཚོན་བྲིས། འོག་ཏུ་གཙང་པོ་ཞིག་བྲིས། གཙང་པོའི་འགྲམ་དུ་ཁྲུང་ཁྲུང་ཕོ་མོ་གཉིས་བྲིས། ད་དུང་མང་པོ་ཞིག་བྲིས་མོད་ངས་རང་ཉིད་བྲི་རྒྱུ་རྩ་བ་ནས་བརྗེད། ཟླ་བ་མེད་པའི་མཚན་མོར། སྨག་རུམ་གྱི་སྡུག་བསྔལ་སེལ་མཁན་ངའི་ཁེར་རྐྱང་གི་གཟི་བྱིན་ཁོ་ན་ཡིན་ལ།དྲན་གདུང་གི་མུན་པ་འཇོམས་མཁན་ངའི་སྙན་ངག་གི་འོད་སྣང་ཁོ་ན་རེད། ཟླ་འོད་ཡོད་དུས་ང་ལ་ཟླ་འོད་གཅིག་པུས་ཆོག་ཅིང་ཟླ་འོད་མེད་དུས་ང་ལ་སྙན་ངག་ཡོད་པས་ཆོག།

འཚོ་བའི་ཟང་ཟིང་དུ་ཐོན་ཏེ་ང་རྒྱལ་གྱི་མགོ་བོ་མཐོན་པོ་གནམ་ལ་བཏེགས་ནས་འཕྲུལ་སྣང་གི་མ་འོངས་པ་མང་པོར་རེ་ལྟོས་ཀྱིས་ཁེངས། སྟོང་ཞིང་འཇགས་པའི་འཇིག་རྟེན་གྱི་ཁམས་ཆེན་པོའི་སྙིང་རྩར་བརྟགས་ཏེ་རང་བྱུང་སྣོད་བཅུད་ཀྱི་མཛེས་པ་མ་ལུས་རང་གི་སེམས་ལ་བཅུག། གྲང་ངར་གྱིས་མ་བཟོད་པར་ཁོག་འདར་ཞིག་རྒྱབ་རྗེས་མགོ་བསྒུར་ནས་མདུན་གྱི་གཙང་པོར་བལྟས། གཙང་པོའི་ནང་ནས་རང་གི་གཟུགས་བརྙན་བཙལ། དེ་ནས་སླར་ཡང་ཕོ་བ་བསྐྱོར་ཏེ་ནམ་མཁའི་སྐར་མ་བཙལ། ཟླ་བ་བཙལ། ཟླ་འོད་བཙལ།

  • ལེ་ཚན་སྔོན་མ།:དང་པོ་མ་ཕྲད་ཆོག་ག། གྱེས་གདུང་ཁུར་དོན་མི་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།