འཛམ་གླིང་གི་བཤེས་གཉེན་དམ་པ།

ཁམས་ཟླ་སྲས།        2024-09-11

བྱམས་དང་བརྩེ་བའི་འོ་ཆུ་དྭངས་མོ། །

འདི་ནས་གང་དུ་བཞུར་བ་ཡིན་ནམ། །

མི་རིགས་ཤིག་གི་ལ་རྒྱའི་ཆེད་དུ། །

རྒྱང་རིང་མགྲོན་པོའི་ཕྱོགས་སུ་བསྐྱོད་དམ། །

འཛུམ་མདངས་འཕྱོར་མོའི་མེ་ལོང་ནང་གི། །

ན་ཚོད་གཞོན་པའི་བྱིས་པ་འདི་ཚོར། །

བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་བ། །

བཤེས་གཉེན་དམ་པའི་བཀའ་དྲིན་ཡིན་སོང་། །

རི་ཆེན་རྩེ་ནས་རྒྱང་ལྟ་བྱེད་དུས། །

ཉི་ཟླའི་མཛེས་པ་ཡན་ཞིག་མི་འདུག །

དེ་བཞིན་འཁོར་བའི་མི་ཚོགས་ཀློང་དུ། །

བཤེས་གཉེན་དམ་པ་ཀུན་ལས་ལྷག་སོང་། །

ན་གཞོན་བརྩེ་བའི་འཛུམ་དམུལ་རེ་རེ། །

ཕ་སའི་ཡུལ་ལུང་གང་དུ་བཞད་པས། །

ལས་ཀྱི་རྨི་ལམ་ལྷ་བྱ་དཀར་པོ། །

ཕ་ཡུལ་གངས་རིའི་ལྗོངས་སུ་ཕེབས་བྱུང་། །

གཟུགས་དང་ལང་ཚོའི་མཛེས་པ་ངོམས་ཀྱང་། །

ཁྱེད་ཀྱི་མཛེས་སྡུག་གླིང་འདིར་ཁྱབ་ཡོད། །

ངག་རིག་ཆོ་ལོའི་དྲན་གསེབ་འདི་ནས། །

ཁྱེད་ལ་སྨོན་པའི་ཁ་གཡང་ངས་འབོད། །

མ་འོངས་བྱིས་པའི་མདུན་ལམ་ཆེད་དུ། །

ཡོད་ཚད་རྒྱང་ལ་དོར་སེམས་མངའ་བའི། །

ཁྱེད་ཀྱི་མཛད་པ་སྲིད་གསུམ་འདི་ནས། །

ཀུན་ནས་ལྷག་པ་སེམས་ནས་མ་བརྗེད། །

ཚིག་འདི་ཁྱེད་ལ་བསྟོད་པའི་མཆོད་པ། །

ངག་འདི་ཁྱེད་ལ་འགུགས་པའི་གླུ་དབྱངས། །

སེམས་འདི་ཁྱེད་ལ་གུས་པའི་དད་འདུན། །

དེ་རིང་སྨོན་ཚིག་དབྱངས་ཀྱི་བརྡའོ། །

  • ལེ་ཚན་སྔོན་མ།:རྒན་ལགས། ངའང་ཁྱེད་ཀྱི་སློབ་མ་ཡིན།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་ཆེན་བསུ།