དགེ་རྒན་དུས་ཆེན་བསུ།

གངས་ཆབ་ལྷ་སྲས།        2024-09-11

ཉི་ཟླའི་གཟི་དཔལ་འགྲོགས་པའི་ཤེས་རིག་འོད།།

མ་ལུས་སློབ་མར་བསྩལ་བའི་སློབ་དཔོན་མཆོག།

མི་རིགས་ཤིག་གི་ཤུལ་འཛིན་གཞོན་ཆུང་ངས།།

སྒོ་གསུམ་དང་བས་སྙན་ངག་ཁྱེད་ལ་འབུལ།།

འཛམ་གླིང་ཚན་རྩལ་རིག་པ་ཉིན་རེ་འཕེལ།།

སྤྱི་ཚོགས་ངོ་མདངས་དུས་ཚོད་རེ་རེ་བརྗེས།།

སྣ་མང་ཤེས་བྱའི་ནུ་ཞོ་ལྡུད་མཁས་པས།།

དགེ་རྒན་དམ་པ་ཨ་མའི་སྐུ་ཚབ་ཡིན།།

དུས་ཀྱི་གོམ་འགྲོས་རླུང་ལས་ཇེ་མགྱོགས་ཕྱིན།།

དུས་རབས་གསར་པའི་ཉི་གཞོན་ཀླད་ནས་ཚེས།།

དུས་དང་མཐུན་པའི་མི་ལུས་གསར་གནང་བ།།

དགེ་རྒན་དམ་པ་ཨ་ཕའི་སྐུ་ཚབ་ཡིན།།

ཡ་རབས་སློབ་གསོའི་བཅུད་ཀྱིས་སློབ་མ་བསྐྱངས།།

སྐད་རིགས་སྣ་མང་བཏུང་ཆུ་གང་ཞིམ་སྟེར།།

ལོ་རྒྱུས་མང་པོའི་སྡེར་ཁ་ཅི་མཁོ་བཤམས།།

དགེ་རྒན་དམ་པ་ཨ་ཕྱིའི་སྐུ་ཚབ་ཡིན།།

སྐྱིད་དུས་གནས་ལུགས་སྒྲོམ་གྱི་སྒོ་མོ་འབྱེད།།

སྡུག་དུས་ལེགས་བཤད་བདུད་རྩིའི་རིལ་བུ་སྟེར།།

དར་རྒུད་གང་འཕྲད་རྒྱབ་རྟེན་བྲག་རི་སྟེ།།

དགེ་རྒན་དམ་པ་གྲོགས་ཀྱི་སྐུ་ཚབ་ཡིན།།

སྙིང་གཏམ་འོ་མའི་མངར་ཁ་ང་ལ་བླུད།།

ཉམས་མྱོང་མེ་ཏོག་བཏུས་ཏེ་ང་ལ་སྦྱིན།།

མི་ཚེའི་གཏམ་རྒྱུད་མ་ལུས་ང་ལ་འཆད།།

དགེ་རྒན་དམ་པ་མིང་སྲིང་སྐུ་ཚབ་ཡིན།།

རང་གི་ཡུལ་དོན་མ་བསམ་སྤྱི་དོན་བརྩོན།།

སྒེར་གྱི་ཁེ་ཕན་མ་བལྟས་ཁྱོན་ལ་བྱམས།།

དུས་ཀྱི་མུན་པ་སེལ་བའི་སྒྲོན་མེ་ཉིད།།

དགེ་རྒན་དམ་པ་མེས་པོའི་སྐུ་ཚབ་ཡིན།།

རྗོད་བྱེད་ཚིག་གི་དབུལ་བས་མ་འདང་ས།།

བརྗོད་བྱ་དོན་གྱིས་མ་ཐེག་མི་འོས་ཡུལ།།

ནོངས་བ་ཅི་མཆིས་བཟོད་པར་གསོལ་བར་ཞུ།།

ལེགས་པའི་ཆ་ཡིས་དགེ་རྒན་དུས་ཆེན་བསུ།།

  • ལེ་ཚན་སྔོན་མ།:འཛམ་གླིང་གི་བཤེས་གཉེན་དམ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།