རྒན་ལགས། ངའང་ཁྱེད་ཀྱི་སློབ་མ་ཡིན།

གཅན་གླག་མིག།        2024-09-11

དགེ་རྒན་ནི་ང་རང་ཚོའི་ལམ་སྟོན་གྱི་སྒྲོན་མེ་དང་མུན་སེལ་གྱི་འོད་ཆེན་དེ་ཡིན་ཞེས་ས་ཆ་ཀུན་ན་རླུང་ལྟར་གྲགས་ཙ་ན། ང་རང་ཚོས་དགེ་རྒན་གང་དེ་རང་གི་རྩ་བའི་བླ་མ་དང་དྲིན་ཆེན་ཕ་མ་རུ་སྒོམ་ཡོད། འོན་ཏེ། དགེ་རྒན་ལགས་ཀྱིས་རྣམ་ཀུན་བྱིས་པ་གྲུང་པོ་རྣམས་དང་། བྱིས་པ་ཡ་རབས། སློབ་སྦྱོང་གི་གྲུབ་འབྲས་སོགས་བཟང་བའི་སློབ་མ་རྣམས་ལ་ཁ་བརྡ་བྱེད་པ་ལས་ང་དང་ང་འདྲའི་སློབ་ཕྲུག་རིག་པ་རྟུལ་པོ་ཅན་དང་པྲ་ཆལ་ཅན་དག་ལ་མིག་གིས་ལྟ་ཙམ་ཡང་མི་བྱེད། དགེ་རྒན་ལགས། ངའི་སྦྱངས་འབྲས་ཞན་པ་བདེན་ལ། རྣམ་གཡེང་གི་བྲན་ལྟར་བསྡད་ཡོད་པའང་བདེན་མོད། ཡིན་ཡང་ང་ལ་དགེ་རྒན་གྱི་མཛུབ་སྟོན་དང་བརྩེ་བ་དེ་མཁོ། ང་ལ་དགེ་རྒན་གྱི་ཐུགས་ཁུར་དང་ཟུར་ཁྲིད་དེ་མཁོ། ང་ལ་དགེ་རྒན་གྱི་རོགས་རམ་དང་འཛུམ་མདངས་དེ་བས་མཁོ། འོན་ཀྱང་། ང་ལ་ཐོབ་པ་ནི་དབྱུག་པའི་ཚ་ངར་དང་། ལེ་བདའི་མིག་ཞགས། མཐོང་ཆུང་གི་སྐད་བརྡ། སུན་སྣང་གི་རྣམ་འགྱུར་དེ་ལས་ཅི་ཡང་མི་ལྷག།

དགེ་རྒན་ལགས། ངའང་ཁྱེད་ཀྱི་སློབ་མ་ཡིན། དགེ་རྒན་ལགས། ང་ལ་ཡང་བརྙན་འཕྲིན་ནང་གི་དགེ་རྒན་དེ་དག་ལྟ་བུའི་སྡུག་རུས་ཅན་དང་གཟབ་ནན་ཅན། བློ་སྤོབས་ཅན། ཡོན་ཏན་ཅན་སོགས་མདོར་དྲིལ་ན། ཁྲོས་དུས་དང་དགའ་དུས། སྡུག་དུས་དང་སྐྱོ་དུས། ཁོམ་དུས་དང་བྲེལ་དུས་གང་ཡིན་ཡང་སློབ་མ་བྱིངས་སེམས་ན་བཅངས་པའི་དགེ་རྒན་དེ་ཤིན་ཏུ་མཁོ། དགེ་རྒན་ལགས། དགེ་རྒན་ལགས། ང་ལའང་སློབ་སྦྱོང་ལ་འབད་པ་བྱ་རྒྱུའི་ཆོད་སེམས་དང་ངར་ཤུགས་ཡོད་དེ། སུ་ཡིན་ཡང་རྗེས་ལུས་དང་མཐའ་མ། གཅར་རྡུང་དང་སྡིག་དམོད་སོགས་ཀྱིས་བཏུམས་ནས་བསྡད་འདོད་མཁན་གཅིག་ཀྱང་མེད་ལ། ཨང་དང་པོ་བླངས་ནས་ང་རྒྱལ་གྱི་མགོ་བོ་མཐོན་པོར་འདེགས་པའི་རེ་འདུན་སུ་ལའང་ཡོད་མོད། ང་ཡི་ལྷན་སྐྱེས་ཀྱི་རིག་པ་རྟུལ་བ་དང་ཁོར་ཡུག་གི་བཀག་རྒྱའི་དབང་གིས་སམ། ཡང་ན་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་གཞི་གཅིག་ཏུ་དམ་པོར་སྦྲེལ་མ་ཐུབ་པས། ང་ནམ་ཡང་དགེ་རྒན་གྱིས་མཛུབ་མོས་བསྟོད་སའི་སློབ་མ་དེར་འགྱུར་མ་ཐུབ། རྒན་ལགས། ངའང་ཁྱེད་ཀྱི་སློབ་མ་འདང་ཅན་དེ་བཅར་འདོད། རྒན་ལགས། ཁྱེད་ཀྱིས་ང་དང་ང་འདྲའི་སློབ་བུ་རྣམས་ཀྱི་སེམས་ལ་བསྐོར་བ་ཐེངས་གཅིག་རྒྱོབ་དང་། ཁྱེད་ཀྱིས་ང་དང་ང་འདྲའི་སློབ་བུ་རྣམས་ཀྱི་སེམས་ལ་མདུད་པ་ལན་གཅིག་རྒྱོབ་དང་། ང་ཚོའི་འཇིག་རྟེན་དུ་འཇིག་རྟེན་གཞན་ན་ཡེ་ནས་མེད་པའི་རྩེད་མཚར་གྱི་ལོ་རྒྱུས་རིང་མོ་ཡོད་ཅིང་། ཕུགས་བསམ་གྱི་བགྲོད་ལམ་ཡངས་མོ་ཡོད། བརྩོན་སེམས་ཀྱི་ཅང་ཤེས་རྟ་ཕོ་ཡོད། ཡིན་ཡང་། དེ་དག་རྒན་ལགས་དང་མ་འབྲེལ་བར་བྲལ་སོང་ན། རྩེད་མཚར་གྱི་ལོ་རྒྱུས་ལ་རིན་ཐང་མེད་ཅིང་། ཕུགས་བསམ་གྱི་བགྲོད་ལམ་རྦབ་རྡོས་བཅད། བརྩོན་སེམས་ཀྱི་རྟ་ཕོ་སྒྲོག་གིས་བཅིངས། དེ་བས། དགེ་རྒན་ལགས། ཁྱེད་རང་ཕྱེ་མ་ལེབ་དང་འདྲ་བར་ང་ཚོའི་ཁོར་ཡུག་ཏུ་འཕུར་ཤོག། ཁྱེད་རང་དྲིན་ཆེན་ཕ་མ་དང་འདྲ་བར་ང་ཚོའི་འཚོ་བ་རུ་ཞུགས་ཤོག་དང་། དགེ་རྒན་ལགས། ངའང་ཁྱེད་ཀྱི་སློབ་མ་ཡིན།

  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།