​འབའ་ཐང་རྫོང་གིས་དགེ་རྒན་དུས་ཆེན་སྐབས40པ་འདི་ལྟར་བསུས།

        2024-09-12

སྤྱི་ཟླ9ཚེས10ཉིན། འབའ་ཐང་རྫོང་གིས“སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏང་དགོས”ཞེས་པའི་དགེ་རྒན་དུས་ཆེན་སྐབས40པར་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་སྤེལ་ཡོད་པ་རེད།

   དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དགེ་རྒན་གྱི་དུས་ཆེན་འདི་ནང་འབའ་ཐང་རྫོང་གིས“འཚམས་འདྲི་དང་། རིག་རྩལ། གཟེངས་བསྟོད”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། དགེ་རྒན་གྱི་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་དང་བསྟུན་ནས་དྲོ་སྐྱིད་ལྡན་ལ་ངོ་མཚར་ཆེ་བའི་དགོང་ཚོགས་ཤིག་དངོས་སུ་འགོ་ཚུགས་པ་རེད།

    དགོང་ཚོགས་འགོ་ཚུགས་མ་ཐག་མི་དམངས་སློབ་ཆུང་གི་སློབ་ཕྲུག་ཚོས་བརྩེ་དུང་ཟབ་པའི་སྐད་གདངས་ཐོག་ནས་དགེ་རྒན་ལ་དྲིན་གཟོའི་གླུ་གཞས་བཏང་བ་དང་། བརྩེ་སེམས་དྲོན་མོའི་གླུ་ཚིག་རེ་རེས་དགེ་རྒན་ཚོར་སེམས་འགུལ་ཆེན་མོ་ཐེབས་ཡོད། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་འབའ་གཞས་འཁྲབ་སྟོན་བྱས་ཤིང་ཁོང་ཚོས་བརྩེ་བ་ཟབ་མོ་ལྡན་པའི་འཁྲབ་སྟོན་ལ་བརྟེན་ནས་སློབ་གསོའི་དོན་སྙིང་དང་རང་ཉིད་ཀྱིས་སློབ་གསོར་དགའ་ཞེའི་བརྩེ་སེམས་མཚོན་ཡོད།

    བྱེད་སྒོར་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་སློབ་གསོའི་བྱ་གཞག་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། ཚོགས་ཞུགས་མགོ་ཁྲིད་ཀྱིས་དགེ་རྒན་གྱི་ལས་རྐང་དུ་ཞུགས་ནས་ལོ་གྲངས་ལོ་སུམ་ཅུ་ཟིན་པའི་ལས་འཁྱུར་ངལ་གསོའི་དགེ་རྒན་དང་། དགེ་རྒན་ཕུལ་བྱུང་། སློབ་གསོའི་ལས་དོན་པ། ཀུན་སྤྱོད་སློབ་གསོའི་ལས་དོན་པ་སོགས་ལ་གཟེངས་བསྟོད་བྱས་པ་རེད། བརྗིད་ཉམས་ཀྱི་གློག་འོད་འཚེར་བ་དང་ཐལ་མོའི་རྡེབ་སྒྲ་གཅིག་རྗེས་གཉིས་མཐུད་ཁྲོད“འབའ་ཐང་གི་དགེ་རྒན་ཕུལ་བྱུང”དང“ཀུན་སྤྱོད་ལས་དོན་པ་ཕུལ་བྱུང”59སྟེགས་བུའི་ཐོག་གདན་འདྲེན་ཞུས་ནས་གུས་འདུད་ཆེན་པོ་ཐོབ་པ་ནི་ཁོང་ཚོར་དབང་འོས་པ་དང་ཆེས་བཟང་ཤོས་ཀྱི་དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས་ཡིན།

    དགེ་རྒན་ཀྲུའུ་ཁྲེང་ཧུའེ་ཡིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས“དེ་རིང་ང་ལ་ཁྱོན་ལེགས་སྐྱེས་གསུམ་འབྱོར་བྱུང་། དང་པོ་ནི་འཛིན་གྲྭའི་ནང་གི་སློབ་མ་ཚོའི་སྨོན་འདུན་དང་གཉིས་ནི་རྫོང་གི་ཐུགས་ཁུར་འཚམས་འདྲི། གསུམ་པ་ནི་ངས་སེམས་ལ་བསམ་ཡང་མ་མྱོང་བའི་བྱ་དགའ་ཐོབ་པ་དེ་ཡིན། ན་གཞོན་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་མུ་མཐུད་དུ་ཚད་མཐོའི་འགན་སེམས་དང་ལས་བཀུར་གྱི་སྙིང་སྟོབས་བཅངས་ཤིང་སློབ་གསོའི་བྱ་གཞག་ནང་ཞུགས་ནས་སློབ་མ་ཚོར་མི་གཤིས་བཟང་པོ་སྐྱོང་བ་དང་ཤེས་རིག་བསྩལ་རྒྱུ་ཡིན”ཞེས་བཤད།

    རྫོང་ཨུའི་ཧྲུའུ་ཅི། རྫོང་དཔོན་བློ་བཟང་ལྷ་སྒྲོན་གྱིས་ཤིས་ཚིག་ཕུལ་སྐབས་རྫོང་གི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་མཁན་གྱི་དགེ་རྒན་དང་ལས་བཟོ་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། དུས་ཡུན་རིང་པོའི་ནང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོ་བྱས་ནས་སྤྱི་པའི་ཞབས་ཞུ་དང་སློབ་གསོ་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས“རྫོང་ཆུང་ངུས་སློབ་གསོ་ཆེན་པོ་གཉེར་ཕོད་པ་དང་རྫོང་དབུལ་པོས་སློབ་གསོ་སྟོབས་ཆེར་གཏོང་བའི”སྙིང་སྟོབས་དང་ཆོད་སེམས། སྤོབས་པ་བཅས་ཀྱི་ཐོག་ནས“བྱ་ཐབས་ནུས་ལྡན་བཅུར”རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཡོད་ཅེས་བསྟན་པ་རེད།

   ཉེ་བའི་ལོ་ཤས་རིང་། འབའ་ཐང་རྫོང་གི་སློབ་གསོའི་ཐད་ལོ་རེར་ཆ་སྙོམས་ཀྱི་མ་དངུལ་སྒོར་དུང་ཕྱུར2.1ཡན་བཏང་བ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.73བཏང་ནས་མཐུན་སྒྲིལ་སློབ་ཆུང་དང་། རྒྱ་དབྱིངས་སློབ་ཆུང་། སྡེ་དར་སློབ་ཆུང་། གསུམ་མདོ་སློབ་ཆུང་། འབའ་ཐང་རྫོང་བྱིས་སློབ་ཁང་། དར་དམར་བྱིས་སློབ་ཁང་བཅས་ཁྱོན་བསྡོམས6བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། འབའ་ཐང་རྫོང་སློབ་འབྲིང་དང་མི་དམངས་སློབ་ཆུང་། འབའ་གཞས་སློབ་ཆུང་། མཚོ་ལ་སློབ་ཆུང་སོགས་ཉམས་གསོ་རྒྱས་སྐྲུན་བྱས། མ་དངུལ་སྒོར་ཁྲི881བཏང་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མར་ཁྱབ་པའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་ལྟ་སྐུལ་དོ་དམ་མ་ལག་དང་སློབ་གྲྭའི་བདེ་འཇགས་སྔོན་འགོག་མ་ལག། འབའ་ཐང་སློབ་འབྲིང་གི་ཚད་ལྡན་ཅན་གྱི་རྒྱུགས་གནས་བཅས་བསྐྲུན་པ་དང་། རིག་ནུས་ནག་པང་དང་སློབ་མའི་ཉལ་ཁང་། སློབ་མའི་ཅོག་ཙེ་དང་རྐུབ་སྟེགས་སོགས་བརྗེས་ནས་སློབ་གཉེར་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། རིམ་རྩིས་བྱས་ན་སློབ་ཆེན་སློབ་མ་ཕུལ་བྱུང396ལ་གཟེངས་བསྟོད་བྱས་ནས་གཟེངས་བསྟོད་དངུལ་སྒོར་ཁྲི147.1ཟིན། སྔ་རྗེས་སུ་དགེ་རྒན934ལ་སློབ་ཁྲིད་སྤུས་ཚད་ཀྱི་གཟེངས་བསྟོད་བྱས་ཤིང་གཟེངས་བསྟོད་དངུལ་སྒོར་ཁྲི424.95ཟིན། ལོ30ཡི་རིང་ལ་དགེ་རྒན་གྱི་ལས་རྐང་དུ་ཞུགས་ནས་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན46ལ་གཟེངས་བསྟོད་ཐོབ་ཅིང་། གཟེངས་བསྟོད་དངུལ་སྒོར་ཁྲི276ཟིན་ཡོད།




ལོ་ཙཱ། སྐལ་བཟང་རྒྱ་མཚོ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་སྐབས2པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།