སྟོན་ཟླའི་ཁྲོད་ཀྱི་སྣང་བརྙན།

དབྱངས་ཞི་བ།        2024-09-13

ས་རུབ་ལ་ཉེ་བྱུང་། མདུན་ཕྱོགས་ཀྱི་སྲང་མདོ་ན།

རྒྱུས་ཡོད་འདྲ་བའི་གཟུགས་རིས་ཤིག།

འགྱིང་ཉམས་དོད་པ། མིག་ལམ་དུ་འཆར་བ་ནས།

བསིལ་རླུང་འཚུབ་མ་རེ་ངང་གིས། སེམས་སུ་སིམ།

སྡོང་ལོ་སེར་པོ་དག་ས་རུ་འཐོར་འཐོར་རྗེས།

གྲིབ་མ་ཁུག་པ་དང་ལྷན་དུ། ཁ་གཏད་དུ་སོང་ནས།

ཁམས་བདེ་རེ་ཞུ་བ་ལས། ཅི་ཡང་བཤད་མ་ཕོད།

ངག་ནས་མ་ཤོད་པར། ཡིད་དུ་ཉར།

ཁ་ཕྱིར་འཁོར་ནས། ཆར་བ་སབ་སིབ་ཁྲོད།

ཅི་ཞིག་ལག་ནས་ཤོར་བ་ལྟ་བུའི།

ལྦུ་ཆང་བཙན་པོ་ཞིག་བཏུང་འདོད་བྱུང་།

  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།