ལྕགས་སྲིབ་མྱུར་ལམ་དུ་རླངས་འཁོར་ཤར་གཏོང་བྱ་རྩིས་ཡོད།

        2024-12-25

དཀར་མཛེས་ཉིན་རེའི་ཚགས་པར་ནས་འབྱོར་བའི་འཕྲིན་གསར། སྤྱི་ཟླ12པའི་ཚེས24ཉིན་ཧྲུའུ་ཏའོ་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པའི་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་ལམ་ལས་ཝང་ཀང་ཕིང་ནས་ཏ་ཧྲན་ཧྲུའུ་བར་གྱི་སྤྱི་ལེ33ལེགས་འགྲུབ་བྱུང་ཡོད་ལ། འདི་ནི་ལྕགས་སྲིབ་མྱུར་ལམ་ལེགས་འགྲུབ་བྱུང་བ་ཡིན་ཞིང་། སྤྱི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་སྟེང་མྱུར་ལམ་འདི་ནས་རླངས་འཁོར་དངོས་སུ་གཏང་རྒྱུ་ཡིན་ཞིང་། སྐབས་དེར་སྲིབ་སྨད་རྫོང་མཁར་ནས་ཝང་ཀང་ཕིང་ལྗོངས་ཁུལ་བར་གྱི་དེ་སྔའི་ཆུ་ཚོད1གི་ལམ་ཐག་དེ་ནས་ད་ལྟ་སྐར་མ30ལས་མི་འགོར་བ་རེད།

    “ལྕགས་སྲིབ་མྱུར་ལམ་གྱི་སྲིབ་སྨད་ལམ་དུམ”དེ་ཝང་ཀང་ཕིང་ནས་འགོ་བཙུགས་ཏེ་ཨན་ཧྲུན་ཁྲང་དང་ཀོང་ཡོན་པའོ་བརྒྱུད་ནས། ཏ་ཧྲན་ཧྲུའུ་རུ་སླེབས་ཤིང་། མཚམས་འདི་ནས་གཡག་ཞི་མྱུར་ལམ་དང་འབྲེལ་ཡོད་པ་རེད། ལམ་དུམ་འདི་ནི་ཕྱོགས་རེ་ལ་འཁོར་ལམ་རེ་ཡོད་ལ། འཁོར་ལམ་རེ་རེའི་སྟེང་དུ་རླངས་འཁོར་བཞི་བཤིབས་ཀྱིས་བསྐྱོད་ཆོག་ཅིང་། ལམ་ཐག་ཧྲིལ་པོ་ལ་བསྣོལ་ཟམ་གསུམ་དང་། ཞབས་ཞུ་ས་ཚུགས་གཅིག། ལམ་ཁྲལ་ཚུགས་གཉིས་བཅས་ཡོད་ལ། ཟམ་པ་དང་ཕུག་ལམ་གྱིས་ལམ་ཐག་ཧྲིལ་པོའི་བརྒྱ་ཆ92.3ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་སྲིབ་མྱུར་ལམ་གྱི་སྤྱི་ཡི་རིང་ཚད་ལ་སྤྱི་ལེ96.51ཡོད་ལ། ཕྱོགས་རེ་ལ་འཁོར་ལམ་རེ་ཡོད་ལ། འཁོར་ལམ་རེ་རེ་ལ་རླངས་འཁོར་བཞི་བཤིབས་ཀྱིས་བསྐྱོད་ཆོག་པའི་ཚད་གཞི་ལྟར་བསྐྲུན་པ་ཞིག་ཡིན་ལ། ཆུ་ཚོད་རེར་སྤྱི་ལེ80བསྐྱོད་ཆོག་ཅིང་། ལམ་གཞིའི་ཞེང་ཚད་སྨི25.5ཇུས་འགོད་བྱས་ཡོད་པ་རེད།

    ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་ལམ་འདི་ལེགས་འགྲུབ་བྱུང་རྗེས། དེ་སྔའི་ཆུ་ཚོད2.50ཡི་ལམ་ཐག་དེ་ཆུ་ཚོད1གི་དུས་ཡུན་ལས་མི་འགོར་ཞིང་། སི་ཁྲོན་ཞིང་ཆེན་མྱུར་ལམ་དྲ་བ་ཡང་དེ་ལས་སྔར་བས་འཐུས་ཚང་དུ་འགྱུར་རྒྱུ་ཡིན་པས། གསར་བརྗེའི་ཡུལ་སྐོར་གྱི་གསོན་ཤུགས་གསར་པ་མུ་མཐུད་དུ་འདོན་སྤེལ་བྱས་ཤིང་། གངས་དཀར་ཡུལ་སྐོར་དཔལ་འབྱོར་མུ་ཁྱུད་དུ་བསྐྲུན་པ་དང་། ལམ་རྒྱུད་ས་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།


གསར་འགོད་པ། ལི་ཡཱ་ཉི། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག་རུ་མཛད་སྒོ་འདི་འདྲ་ཞིག་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།