མཐའ་མཚམས་བཅོས་སྐྱོང་ལས་དོན་འདི་འདྲ་བསྒྲུབ་དགོས།

        2024-12-23

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པར།

མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12ཚེས10ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་ལོ་རྒྱུས་ཐོག་གི་མཐའ་མཚམས་བཅོས་སྐྱོང་ཐད་ལ་དམིགས་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་ནང་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་ནན་ཏན་བསྟར་བ་དང་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ལ་འཁྱོལ་བ་དང་མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་པའི་ནན་གསུང་གནང་བ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིགས་གཞུང་པུའུ་ཡི་ཨུ་ཡོན་དང་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་བློ་མཐུན་ལི་གོ་ཆང་གིས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་ནས་ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་སྤྱི་ཡོངས་ལ་དམིགས་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་བསྐྱང་དགོས་པ”དང“མཐའ་མཚམས་དར་རྒྱས་མི་དམངས་ཕྱུག་པ་དང་མཐའ་མཚམས་བརྟན་ཞིང་བརླིང་བ”སོགས་ཀྱི་ཆོད་གཏམ་གལ་ཆེན་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་ཞིང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཇེ་མགྱོགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་པར་བསྐུལ་བར་བརྟེན། མཐའ་མཚམས་བཅོས་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མཐའ་མཚམས་བཅོས་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་དོན་ལ་འཁྱོལ་བ་རྒྱུན་འཁྱོང་དགོས། འཐབ་ཇུས་འཆར་འགོད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བརྒྱབ་སྟེ་ཕྱོགས་ཁག་གི་བྱ་གཞག་འཕེལ་རྒྱས་ཁྲོད་མཐའ་མཚམས་བཅོས་སྐྱོང་མཉམ་འདྲེས་དམ་ཟབ་ཐུབ་པར་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་དང་། འགན་འཁྲི་འཁུར་ཕོད་པ། གཞོགས་འདེགས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་བྱ་དགོས། མཐའ་མཚམས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལག་ལེན་ རྒྱུན་སྲིང་བསྟར་བའི་སྒོ་ནས་ཏང་ཀྲུང་དབྱང་གི་སྙིང་དོན་དང་གཞིར་བསྡུར་དཔེར་བསྡུར་དང་འབྲེལ་འཆར་འགོད་དང་ཁྲིམས་སྲོལ། སྲིད་ཇུས། ལས་ཚན་ཁག་གི་འཆར་འགོད་དང་ལག་བསྟར་ཞིབ་ཕྲའི་ཁྲོད་དུ་དོན་འཁྱོལ་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མི་ལུས་པ་བྱ་དགོས། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་སྤྱི་ཡོངས་སུ་བཙུད་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ནང་བཙུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། མཐའ་མཚམས་ས་ཁུལ་གྱིས་རང་ངོས་ཀྱི་ཆ་རྐྱེན་དང་ནུས་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞུགས་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོར་ཞུགས་པའི་ཁྲོད་རང་ངོས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྒྱབ་སྐྱོར་བྱ་དགོས། བསྒྱུར་བཅོས་སྒོ་འབྱེད་ཀྱིས་སྒུལ་ཤུགས་དང་གསོན་ཤུགས་ཇེ་ཆེར་སྤེལ་བ་རྒྱུན་འཁྱོངས་ཤིང་། མཐའ་མཚམས་ས་ཁུལ་གྱི་མཚོ་རྒྱུད་དང་མཐའ་རྒྱུད་སོགས་ཀྱི་ཁྱད་ཡོན་འདོན་སྤེལ་བྱེད་པ་དང་རྣམ་པ་སྣ་ཚོགས་ཀྱི་སྒོ་དབྱེའི་འཕེལ་ཁ་དར་ས་གསར་དུ་བཏོད་ནས། སྐམ་མཚོ་ཕྱི་ནང་མཉམ་སྐུལ་དང་ཤར་ནུབ་ཕན་ཚུན་རོགས་རེས་བྱེད་པའི་ཁྱོན་ཡོངས་སྒོ་འབྱེད་ཀྱི་གནས་སྟངས་ཆགས་པར་བྱ་དགོས། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་ཤིང་། རྫོང་མཁར་གཞི་སྟེགས་གལ་ཆེན་དུ་བྱེད་པའི་ གྲོང་རྡལ་ཅན་གསར་པ་འཛུགས་པ་སྐུལ་འདེད་བརྟན་པོར་གཏོང་བ་དང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་པོར་བསྐྱར་དུ་ལོག་པར་སྔོན་འགོག་ཕན་འབྲས་ཡོད་པ་བྱ་དགོས། འཕེལ་རྒྱས་ཁྲོད་དུ་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ་རྒྱུན་འཁྱོངས་ཤིང་། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མི་འདང་ས་གང་མགྱོགས་གསབ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་བ་དེ་མཐའ་མཚམས་མི་རིགས་ས་ཁུལ་ལས་དོན་གྱི་གཙོ་ཕྱོགས་སུ་བརྩི་རྒྱུ་རྒྱུན་འཁྱོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་རྒྱ་ཁྱབ་ངང་ལག་ལེན་བསྟར་བ་དང་། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མེས་རྒྱལ་ རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་གཏང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་རྒྱུན་མཐུད་ངང་མཐར་ཕྱིན་སྤེལ་བ་དང་འདྲེས་ཞུགས་ཅན་གྱི་སྤྱི་ཚོགས་ གྲུབ་སྟངས་དང་སྤྱི་ཁུལ་ཁོར་ཡུག་བསྐྲུན་ཏེ། མི་རིགས་ཁག་སེ་འབྲུ་ལྟར་མཐུན་འབྲེལ་དམ་ཟབ་ཡོང་བར་སྐུལ་སྤེལ་གཏང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དེ་མཐའ་མཚམས་བཅོས་སྐྱོང་གི་མཐིལ་ཚད་བླང་བྱར་བརྩི་རྒྱུ་རྒྱུན་འཁྱོང་དགོས། མཉམ་འཛུགས་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་བ་དང་ཚན་རྩལ་གྱིས་ནུས་པ་སྤྲད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྲུང་མཐའ་སྲུང་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མཐའ་མཚམས་བཅོས་སྐྱོང་ལ་སྐུལ་བར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། མཐའ་མཚམས་ཀྱི་ལོ་རྒྱུས་དང་མཐའ་མཚམས་བཅོས་སྐྱོང་དང་འབྲེལ་བ་ཡོད་པའི་རིག་ཚན་སྣ་ཚོགས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་ བརྒྱབ་སྟེ་ཀྲུང་གོའི་རང་ཚུགས་ཀྱི་མཐའ་མཚམས་རིག་པའི་ཤེས་བྱའི་མ་ལག་མགྱོགས་མྱུར་བསྐྲུན་དགོས། མཐའ་མཚམས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་མཐར་ཕྱིན་བྱས་ཏེ་ཤུགས་རྐྱེན་དང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེ་བས་མང་པོ་འཐོབ་པར་བྱ་དགོས། མཐའ་མཚམས་ཀྱི་ཞིབ་འཇུག་གྲུབ་འབྲས་ཡག་པོ་སྤྱད་དེ་དུས་རབས་གསར་པའི་ཀྲུང་གོའི་མཐའ་མཚམས་བཅོས་སྐྱོང་གི་གཏམ་རྒྱུད་ཡག་པོ་བཤད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། རིགས་པའི་གཞུང་ལུགས་ཀྱི་ཡོན་ཚད་དང་ཕྱོགས་བསྡུས་བྱང་ཚད་ཚད་ལ་ལོན་པའི་མཐའ་མཚམས་བཅོས་སྐྱོང་གི་ཞིབ་འཇུག་དཔུང་ཁག་ཅིག་གསར་དུ་བསྐྲུན་དགོས།།


ལོ་ཙཱ། སྐལ་ཐུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མི་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མཐའ་མཚམས་བཅོས་སྐྱོང་ལས་དོན་འདི་འདྲ་བསྒྲུབ་དགོས།
  • དོ་སྣང་ཆེ་བའི་རྩོམ།