2025-05-22
དཀར་པོ་སྤྲིན་དཀར་ཀྱི་དབུ་ཞྭ་བགོ་བའི། །
གངས་ལ་ཉི་ཟེར་ཀྱིས་བཞུས་པ་མིན་རུང་། །
དྭངས་གཙང་ཤེལ་དཀར་གྱི་ཏི་སེ་ལྷུན་པོ། །
དུས་མཐའི་མཚན་སྲུང་བ་མིན་ནམ་ཅི་ཡིན། །
གནའ་བོའི་མི་ཚུགས་འདི་གཞན་ལས་ཆེ་བ། །
གདོད་མའི་རྡོ་ཆས་ཀྱི་འཕེལ་རིམ་མངོན་རུང་། །
འཇོག་སྒོམ་སོར་རྟོག་གི་དཔྱོད་ཤེས་མིན་ན། །
གྲགས་དཀར་སྙན་པ་འདིས་གཟི་བྱིན་ཅི་ཡིན། །
དབྱར་གྱི་མཛེས་ལྗོངས་འདི་མིག་ལ་ཡག་པ། །
ལོངས་སུ་སྤྱོད་པ་ནི་བྲེལ་ལ་མགྱོགས་རུང་། །
ཡིད་ཀྱི་གཏིང་རིམ་ན་ནམ་ཡང་འཚོ་བའི། །
སེམས་ཀྱི་མཛེས་སྡུག་ཁྱོད་མིན་ནམ་ཅི་ཡིན། །
སྟོན་རླུང་རྒོད་པོ་ཞིག་ཧོབ་ཀྱིས་ཐོན་དུས། །
སྦྲང་ཆར་གཉོམ་པོ་ཞིག་ཁད་ཀྱིས་བྲོས་རུང་། །
གནམ་གྱི་ལྷ་ཚོགས་འདི་མཉེས་པ་མིན་ན། །
ཉི་ཟླས་རྣམ་ཤེས་འདི་སྲུང་བ་ཅི་ཡིན། །
དྲོད་ཀྱི་རྔམ་ཤ་འདིར་འཁྱགས་པས་མིད་དུས། །
གྲང་བའི་རྣོ་དབལ་འདི་ངར་ལ་རྒོད་རུང་། །
སུམ་གཉིས་དབང་འཛིན་གྱི་བཙན་པོ་མིན་ན། །
ཕ་མཁར་གསེར་མདོག་གི་བཙན་ས་ཅི་ཡིན། །
རྟ་ཕོ་གཤོག་ཐོགས་ལ་བཅིབས་པའི་རུ་བ། །
མ་འགྲོ་ཞེན་ཆགས་ནི་ཐབ་ཚང་མིན་རུང་། །
མ་བརྗེད་མ་ཕམ་མཚོའི་ཤ་ཞེན་མིན་ན། །
མ་འདོར་བྱམས་པ་ཚོའི་བརྩེ་བ་ཅི་ཡིན། །
མགྲིན་པའི་མིད་པ་ལ་མདུད་པ་བརྒྱབ་ཅིང་། །
ལག་པའི་སོར་མོ་ལ་གསེར་གྱིས་སྤུད་རུང་། །
སྙིང་ཁམས་བར་གསེང་གི་རྩ་མདུད་མིན་ན། །
ཡ་ཆུང་བྲང་ཁོག་གི་སེམས་འདི་ཅི་ཡིན། །
འགྲེངས་ནས་འཁོར་བ་འདི་སེམས་ལྡན་མིན་རུང་། །
འདུ་ཤེས་བརྩོན་ཐབས་ལ་སེམས་ངལ་ཡོད་ན། །
ལྟོ་རྒྱབ་རང་དོན་ལ་ལུས་སྲོག་འདོར་བས། །
སེམས་ཅན་སེམས་ངལ་གྱི་རྩོལ་བ་ཅི་ཡིན། །
དགྱེ་ནས་འགྱིང་བ་འདི་མི་ཚུགས་མིན་རུང་། །
དུད་ནས་འགྲོ་བ་ནི་སེམས་ལྡན་སྲོག་ཆགས། །
ལུས་སེམས་མི་འདྲ་བའི་སེམས་ཚེག་མིན་ན། །
རང་དོན་རང་ཁ་འདི་མོལ་བ་ཅི་ཡིན། །
འབྲས་ལྡན་དུས་སྟོན་གྱི་སྟོན་བརྒྱ་རོལ་བས། །
ལོ་བརྒྱ་འཚོ་གཞེས་ཀྱི་མགོ་དཀར་མིན་རུང་། །
མགོ་ནག་སྐྱེ་བོའི་ཚོགས་བོད་མི་ཡིན་ན། །
གཉིད་ཀྱི་རྨོངས་པ་འདི་སད་ན་ཅི་ཡིན། །
རབ་མཛེས་ཆོས་ལྡན་གྱི་བོད་ཁམས་འདི་ནས། །
བོད་སྐད་བོད་ཡིག་རེ་སློབ་སྦྱོང་ཐུབ་རུང་། །
སེམས་ཁམས་བོད་མི་ཚོའི་རང་གཤིས་མེད་ན། །
བོད་ནས་སྐྱེས་པ་འདི་དོན་གོ་ཅི་ཡིན། །
ཕ་ས་གོར་མོ་འདི་རིན་ཆེན་གཞོང་བ། །
ཕ་སྐད་གཙང་མ་འདི་གསེར་གྱི་རིལ་བུ། །
རིན་ཆེན་གསེར་དངུལ་གྱི་སྐད་ཡིག་མིན་ན། །
རང་སྐད་རང་ཡིག་འདི་སྦྱོང་བ་ཅི་ཡིན། །
གོས་ལྭ་ཚར་ལྭ་འདིའི་ཕུ་བ་རིང་ཡང་། །
བོད་ལྭ་ཡག་པོ་ཞེས་སྙན་པ་ཐོས་རུང་། །
རང་ནོར་རང་རིགས་ཀྱི་བདག་པོ་མེད་ན། །
ཁ་སྟོང་ལག་སྟོང་གིས་ཁོལ་བ་ཅི་ཡིན། །
སྟོན་མཇུག་སྟོན་ཁ་འདིར་གསོལ་སྟོན་མང་རུང་། །
མ་བོས་ཐག་རིང་གི་མགྲོན་པོ་དབེན་པས། །
སྣང་བ་ཡ་ཡོ་རུ་ལྡོམ་པའི་འཕྱན་བུ། །
སེམས་ཀྱི་ཞེད་སྣང་ལ་འཇིགས་པ་བོར་འགྲོ། །
སྨྲེང་བ་སེམས་ནང་ལ་འཁྱིལ་བའི་གླུ་འདི། །
ཐན་ཐུན་ངག་རིག་ལ་མཛེས་པ་མེད་ཀྱང་། །
དྲི་མེད་སེམས་གཏམ་གྱི་ཚོགས་གཏམ་འདི་འདྲ། །
དེ་རིང་སེམས་ངོགས་ནས་ཤོར་བ་འདི་འོ། །
རྩོམ་པ་པོ། ཙ་སུར་སྦྱིན་པ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10