འཁྱག་སིབ་སིབ་ཀྱི་རླུང་བུ།

༼ ཁངས་མ། ༽        2025-05-28

དྲི་བཞོན་འདི་ནི་ཕྱོགས་བཞི་མ་ངེས་པར། །

ཡོངས་སུ་རྒྱུ་ཞིང་གཉོམ་པའི་ལུས་སྐྱེས་ཀྱི། །

མེ་ཏོག་བྱེ་བའི་གདོང་ལ་རྩུབ་སྤྱོད་བཅས། །

ཡང་ཡང་རེག་པའི་ལྐོག་ལྟ་ཁྱོད་ཀྱིས་རྩོམ། །

དགའ་སྐྱོའི་ཡིད་དང་བྲལ་བའི་རི་སྐྱེས་ཀྱི། །

མཛེས་པའི་དཔལ་ཀུན་མ་ལུས་རྐུ་བྱས་ཏེ། །

ལྷགས་པའི་བཙོན་དུ་བྱེད་པའི་དོ་ཞག་ལ། །

ཐ་སྙད་གཙེས་པོ་འདི་ཡང་ཁྱོད་ཀྱིས་རུག །

སྐྱེས་བུ་སོར་མོའི་རྩལ་ལས་བྱུང་བ་བཞིན། །

ཁུ་འཕངས་དག་ནི་ཆེ་ཕྲའི་ངོས་མེད་པར། །

རིལ་བུ་བསྒྲིལ་ཏེ་འཛིན་མའི་པང་ཐང་དུ། །

ཡོངས་སུ་འཕྱར་བ་འདི་ནི་ཁྱོད་ཀྱིས་བྱས། །

ས་གཞི་འདི་ནི་རྒུད་པའི་ཉམས་དང་བཅས། །

འདྲེན་བྱེད་ལམ་དུ་རོག་གེར་ཡོང་སྟངས་ལ། །

ཡུན་རིང་གཉིད་དུ་ཡུར་བའི་སོར་མོའི་གར། །

ལན་གཅིག་གཡོ་བ་འདི་ཡང་ཁྱོད་ཉིད་ལན། །


  • ལེ་ཚན་སྔོན་མ།:དགའ་སྐྱོའི་སྨེང་བ།
  • ལེ་ཚན་རྗེས་མ།:སེམས་འགྱུ་ངོས་ཀྱི་སྒྱུ་འཕྲུལ།