ནང་སེམས་རྒྱ་མཚོའི་ རྦ་རླབས།

ཁམས་ཟླ་སྲས།        2025-05-26

སྙན་ཚིག་ག་བུར་ཟེགས་མའི་རྒྱུད་མངས་ལ། །

ལེགས་འཁྲུངས་ངག་གི་ཆར་ཟིམ་འབབ་ཐེངས་རེར། །

ཁྱོད་ཞལ་སྒེག་མཛེས་ཡིད་ལ་འཇགས་པ་ཡང་། །

ཚེ་རབས་ལས་ཀྱི་བཀོད་སྒྲིག་ཡིན་ནམ་ཅི། །

རྨ་ཀླུང་དལ་འབབ་མཛོད་ཀྱི་གཙང་པོའི་འགྲམ། །

ཆགས་པའི་རུ་སྡེ་ཞིག་གི་ཉེ་འདབས་ནས། །

སྙིང་གཏམ་ཤར་མར་རྡོལ་བའི་ཚིག་གི་ཕྲེང་། །

རྒྱང་རིང་ཁྱོད་ཀྱི་ཕྱོགས་སུ་སྐྱེས་སུ་བཏེགས། །

ངག་ལ་ངག་གི་དབང་པོ་དབྱངས་ཅན་མ། །

མགྲིན་ལ་མགྲིན་གྱི་འགྱུར་ཁུག་ཟབ་ས་རུ། །

འཁྲུངས་པའི་སྙན་ཚིག་པདྨ་འདབ་བརྒྱད་ཀྱིས། །

དགྱེས་པའི་དཔལ་དུ་གར་གྱི་རྣམ་པར་སྤྲུལ། །

གནམ་སྔོན་གཡའ་དག་སྤྲིན་གྱི་རྗེས་ཤུལ་དུ། །

སྐར་ཚོགས་ཕྲ་ཚོམས་འདུས་པའི་ཕ་མཐའ་ན། །

མཛེས་སྡུག་ལང་ཚོ་ངོམས་པའི་ན་ཆུང་ཞིག །

འཛུམ་པའི་དཔལ་དུ་ཆགས་བཞིན་ཟུར་མདའ་འཕངས། །

ངོ་མཚར་འཕྲིན་ལས་དཀར་པོའི་གདུགས་དཀར་འོག །

སྐྱེ་འགྲོའི་གསོས་སུ་སྨིན་པའི་དངོས་གྲུབ་ཀྱང་། །

ལན་ཅིག་རེག་ཅིང་འཐོབ་པའི་བསྐལ་བཟང་ལ། །

མི་ཉམས་དབྱངས་ཀྱི་རྒྱུད་སྐུད་ལྷང་ལྷང་སྒྲོག །

  • ལེ་ཚན་སྔོན་མ།:གསང་ཚིག།
  • ལེ་ཚན་རྗེས་མ།:དབྱངས་ཅན་ལྷ་ཡི་མེ་ཏོག།