འབྲོག་ཁྱིམ་དྲོན་མོ་ལས་མཆེད་པའི་ཚེ་སྲོག་གི་མེ་དཔུང་སྟེ། དར་མདོ་ན་ང་ཚོའི་བོད་རིགས་ཀྱི་ཨ་ཕ་ཨ་མ་ཡོད།

( མཁས་གྲུབ་ནོར་བུས་བསྒྱུར།)        2025-05-28

འབྲོག་ཁྱིམ་དྲོན་མོ་ལས་མཆེད་པའི་ཚེ་སྲོག་གི་མེ་དཔུང་སྟེ།  དར་མདོ་ན་ང་ཚོའི་བོད་རིགས་ཀྱི་ཨ་ཕ་ཨ་མ་ཡོད།

ཝང་ཏུའུ་ཏུའུ་ཡིས་ཚེ་གཡང་བཟའ་ཟླ་གཉིས་ཀྱི་འབྲོག་ཁྱིམ་དུ་མེ་སྲོ་བཞིན་པ།

སྤྱི་ཟླ་ལྔ་པའི་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་ས་ཆའི་གནམ་གཤིས་ལ་ཆ་བཞག་མེད་དེ། སྔ་དྲོར་གནམ་ཐང་ཡང་ཕྱི་དྲོར་ཁ་ཆར་དང་དྲག་རླུང་རྒོད་པ་སོགས་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ། འཕྲུལ་རྟ་བསྐོར་ནས་ཡུལ་སྐོར་ལ་ཡོང་བའི་འགྲུལ་པ་ལྔ་མཚོ་འཕགས་སྨི5000ཡོད་པར་སླེབས་དུས་རི་ཉིལ་ནས་ལམ་ཆད་པ་དང་འཕྲད་ཅིང་ཏག་ཏག་རྒྱགས་ཕྱེ་ཡང་ཟད་པ་དང་འཁྱག་ལྟོགས་གཉིས་ཀྱིས་མནར་བའི་ཚེ། མཚེར་ས་ཞིག་གི་འབྲོག་ཁྱིམ་ནས་བོད་རིགས་བཟའ་ཟླ་གཉིས་ཀྱིས་ཁོ་ཚོར་མེ་སྲོ་རུ་བཅུག་པ་དང་སྒོ་ང་བཙོས་ཏེ་རྒྱུས་མེད་ཀྱི་ཡུལ་སྐོར་བ་དེ་དག་ལ་སེམས་འགུལ་ཐེབས་པའི་དྲོད་ཁོལ་སྣུམ་པོ་བྱིན་པ་རེད།

གློ་བུར་གྱི་རྐྱེན་ངན་ལས་འཆི་གསོན་གྱི་མཚམས་ལ་སླེབས།

དབྱར་ཟླ་ར་བའི་དུས་འགོར།KTMའཕྲུལ་རྟ་རུ་ཁག་གི་ཁོངས་མི13གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་ནས་ཐོན་ཏེ་དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་བརྒྱུད་ནས་གངས་དཀར་རི་བོར་སླེབས་ཤིང་། དེ་ནི་སི་ཁྲོན་དང་ཡུན་ནན། པེ་ཅིང་སོགས་ནས་ཡོང་བའི་འཁོར་གྲོགས་ལས་གྲུབ་པའི་དཔུང་ཁག་ཅིག་ཡིན་པ་དང་། རུ་མི་རྣམས་ལོ་ན་ཧ་ཅང་གཞོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཤ་སྟག་ཡིན། སྤྱི་ཟླ5ཚེས14ཉིན། ཁོ་ཚོ་ཀྱག་ཀྱོག་གི་རྡོ་ཧྲུག་ལམ་བུ་བརྒྱུད་དེ་དར་མདོ་གྲོང་ཁྱེར་གངས་དཀར་རི་བོ་གྲོང་རྡལ་དུ་གནས་པའི་ཚེར་མའི་ཉག་གར་ཐོན་པ་རེད། དེ་ལས་རུ་མི་ལྔ་ད་དུང་ཡིད་མ་ཚིམ་པར་མཚོ་འཕགས་དེ་བས་མཐོ་བའི་ཁྲི་འཛིན་གྲོང་ཚོའི་རི་མཐོ་འབྲོག་རར་འགྲོ་བའི་གྲོས་ཐག་བཅད་པ་རེད།

སྤྱི་ལེ་བཅུ་ཙམ་ལས་མེད་པར་གནས་དེར་ཐོན་རན་དུས་གནམ་གཤིས་གློ་བུར་དུ་འགྱུར་ནས་དྲག་ཆར་བབ་ཚུགས་འདུག་པས་རུ་མི་ཚོས་འཕྲུལ་རྟའི་བང་ཚད་མགྱོགས་སུ་བཏང་བ་དང་། དེ་ནས་འཁྱོག་ལམ་ཞིག་བརྒྱུད་རྗེས་མདུན་ཕྱོགས་སུ་རི་ཉིལ་ནས་བགྲོད་ལམ་རྦད་དེ་བཅད་འདུག། ཁོ་ཚོས་ལྗིད་ཚད་རྒྱ་མ500ལྷག་ཡོད་པའི་འཕྲུལ་རྟ་རེ་རེ་བཞིན་བཀྱགས་ཏེ་ཁུར་ནས་རི་ཉིལ་བའི་ལམ་དུ་བརྒལ་སྐབས། གློ་བུར་དུ་གནམ་གཤིས་དེ་བས་སྡུག་ཏུ་གྱུར་ཏེ་སེར་བ་མདེའུ་ལྟར་བབས་པ་དང་། དེའི་རྗེས་ཁ་ཆར་དང་དྲག་རླུང་འཚུབ་པས་མཚོ་འཕགས་སྨི5000ལྷག་གི་མཐོ་ས་ནས་དྲོད་ཚད་སྔར་བས་ཆག་པར་མ་ཟད། ཁོ་ཚོའི་ལུས་པོ་ཡོངས་སུ་བརླན་པ་དང་། ལ་ལར་ལུས་དྲོད་ཤོར་བའི་ཆག་སྒོ་འབྱུང་འགོ་བརྩམས། ཉམས་མྱོང་ཕུན་སུམ་ཚོགས་པའི་རུ་སྣེ་ཁྲིད་མཁན་ཕན་ཏེང་དང་ཞའོ་ལུང་གཉིས་ཀྱིས་ཕྱོགས་གཅིག་ནས་རུ་མི་གཞན8ལ་འབྲེལ་བ་བྱས་ནས་འགན་སྲུང་རླངས་འཁོར་ཡར་མགྱོགས་པོར་ཡོང་དགོས་པའི་བརྡ་འཕྲིན་བཏང་བ་དང་། ཕྱོགས་གཞན་ཞིག་ནས་རང་སྐྱོབ་བྱེད་ཐབས་སྤྱད་པ་རེད།།

སྔོན་བསགས་ལས་འཕྲོ་བཟང་ནས་ལྷག་བསམ་གྱི་དྲོད་ཁོལ་འབྲོག་ཁྱིམ་དུ་འཁྱིལ།

ཅུང་མ་འགོར་བར་མུན་རུབ་པ་དང་རུ་མི་ལྔ་ཕྱིར་ལོག་གི་ལམ་བར་དུ་རྒྱང་རིང་གི་འབྲོག་ར་ཞིག་ནས་གློག་འོད་ཕྲ་མོ་ཞིག་འཚེར་བཞིན་པ་མཐོང་སྟེ་མྱུར་མར་དེའི་ཕྱོགས་སུ་སོང་།

ཕན་ཏེང་དང་རུ་གྲོགས་ཚོ་འབྲོག་ར་དེར་ཕྱིན་ནས་རྒྱ་སྐད་དང་ལག་བརྡ་སྤྲོད་ཞོར་ནས་རོགས་རམ་དགོས་ཚུལ་ཞུ་བ་ན། སྐད་བརྡ་མི་འཕྲོད་ཀྱང་ཁྱིམ་བདག་མོས་དེ་མ་ཐག་གནས་ཚུལ་ཅི་བྱུང་བ་ཤེས་ནས་མྱུར་དུ་ཁོ་ཚོ་འབྲོག་ཁྱིམ་ནང་ཁྲིད་དེ་ཐབ་ཀའི་ནང་ཤིང་དང་ལྕི་བ་མང་པོ་བསྲེགས་ཏེ་མེ་དྲོན་པོ་སྤར། དེ་རྗེས་མོའི་ཁྱོ་བོ་ཡང་ཕྱིར་སླེབས་བྱུང་ལ། ཁོས་རྒྱ་སྐད་ལྡབ་ལྡིབ་ཙམ་ཤེས་པ་ལས་རུ་མི་ཚོས་ད་གཟོད་ཁོའི་མིང་ལ་བུ་ཆུང་ཟེར་ཞིང་ལོ59ཡིན་པ་དང་། མོ་ནི་ཁོའི་ཆུང་མ་ཡིན་ཞིང་མིང་ལ་ཚེ་གཡང་ཟེར་ཞིང་ལོ56ཡིན་པ་གཞི་ནས་ཤེས། ཁོ་བཟའ་ཟླ་གཉིས་ནི་གངས་དཀར་རི་བོ་གྲོང་རྡལ་ཁྲི་འཛིན་གྲོང་ཚོ་ནས་ཡིན་ལ། སྨི་ངོས་གྲུ20ཙམ་ལས་མེད་པའི་འབྲོག་ཁྱིམ་ཆུང་ངུ་དེ་ནི་བོད་རིགས་བཟའ་ཟླ་དེ་གཉིས་ཀྱི་དབྱར་མཚེར་སྡོད་ས་ཡིན་པ་རེད།

གནས་ཚུལ་ཤེས་རྗེས་བུ་ཆུང་གིས་ལྕགས་ཐབ་ནང་དུ་ལྕི་བ་བསྣན་ནས་མེ་སྔར་ལས་དྲོན་པོར་སྤར་བ་དང་། ཚེ་གཡང་གིས་རི་འདབས་ནས་ཁྱེར་ཡོང་བའི་སྒོ་ང30ཡོད་པ་ཚང་མ་བཙོས་ནས་རུ་མི་རྣམས་ལ་བགོས། འགྲིམ་འགྲུལ་མི་བདེ་བའི་རྐྱེན་གྱིས་གྲོང་རྡལ་ནས་ཅ་དངོས་ཉོས་ཏེ་མཚོ་འཕགས་སྨི5000ཡོད་པའི་འབྲོག་རར་འཁྱེར་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། སྒོ་ང་དེ་དག་ནི་མ་གཞི་བཟའ་ཟླ་གཉིས་ཀྱིས་དུས་ཡུན་རིང་པོ་ཞིག་གི་འཚོ་བཅུད་ཁ་གསབ་བྱེད་ཡས་ཡིན་པ་རེད།

བྱ་སྒོང་ཚ་པོ་འགའ་ཞིག་བཟོས་རྗེས་ཝང་ཏུའུ་ཏུའུ་ཡི་ལུས་པོ་ཡོངས་སུ་དྲོད་སྐྱེས་ནས་ལུས་ཟུངས་ཇེ་ལེགས་སུ་སོང་བ་དང་། མོས་མགོ་ཡར་བཀྱགས་ནས་བྱམས་བརྩེའི་འཛུམ་གྱིས་ཁེངས་པའི་ཚེ་གཡང་གི་གདོང་ལ་ཅེར་ཏེ་མིག་ཆུའི་ཕྲེང་རྡོག་རེ་རེ་ས་ལ་ལྷུང་། སྐད་བརྡ་མི་འཕྲོད་ཀྱང་ཐུགས་ཁུར་གྱི་བརྩེ་བ་ཟབ་མོས་ལུས་སེམས་དྲོད་ཅིང་སེམས་འགུལ་ཐེབས་པ་དང་། བུ་ཆུང་གིས་མེ་སྤར་ཞོར་དུ་རྒྱ་སྐད་ཀྱིས་ཁོ་ཚོར་ད་དུང་འཁྱག་གམ་ཞེས་ཡང་ཡང་དྲིས་ཤིང་། ཁང་ཆུང་གྲུ་བཞི་དེ་ལས་བྱམས་ཤིང་བརྩེ་བའི་ལྷག་བསམ་དྲོན་མོ་ཞིག་གིས་ཀུན་ནས་ཁྱབ།

དང་ཐོག་ང་ཚོས་བོད་རིགས་བཟའ་ཟླ་གཉིས་ཀྱིས་ང་ཚོར་འདི་འདྲའི་བྱམས་ཤིང་བཟང་བ་ནི་སྒོར་མོའི་དོན་དུ་ཡིན་པར་བསམ་མོད། འོན་ཀྱང་རྗེས་སུ་ཁོ་ཚོས་ཅིར་ཡང་མི་དམིགས་ལ་གང་ཡང་མི་དགོས་པས། འཁྱག་ལྟོགས་ལ་འཕྲད་པའི་ང་ཚོ་ནི་ཁོ་ཚོའི་ཕྲུ་གུ་ལྟ་བུར་བརྩིས་ནས་སྙིང་རྗེ་དང་རོགས་རམ་བྱེད་པ་ཡིན་པ་ཤེས་བྱུང་ལ། ང་ཚོ་ཕན་ཚུན་བར་བརྡ་མི་འཕྲོད་ཀྱང་ཐོག་མཐའ་བར་གསུམ་དུ་ཕ་མའི་བྱམས་བརྩེ་ལྟར་གྱི་དྲོ་སྐྱིད་སྟེར་བ་ནི་ནམ་ཡང་བརྗེད་ཐབས་བྲལ་བ་དང་། ང་ཚོའི་སེམས་སུ་ཁོང་གཉིས་ནི་ང་ཚོའི་དར་མདོ་ན་ཡོད་པའི་བོད་རིགས་ཀྱི་ཨ་ཕ་དང་ཨ་མར་རྩི་བཞིན་ཡོད་ཅེས་ཕན་ཏེང་གིས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད།

ལྷད་མེད་ཀྱི་མཛའ་བརྩེ་དེ་ཤ་རུས་གསེང་ལ་འཐིམ།

བུ་ཆུང་དང་ཚེ་གཡང་བཟའ་ཟླ་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་རུ་མི་ཚང་མ་འཁྱག་ལྟོགས་ལས་བྲལ་བ་དང་ལུས་ཟུངས་སླར་གསོ་བྱུང་ནས་རིམ་བཞིན་གྲོང་རྡལ་དུ་ལོག་འགོ་བརྩམས། ཁང་པའི་ཕྱི་རོལ་ན་འཕྲུལ་རྟ་རྣམས་གྲལ་སྟར་བསྒྲིགས་ནས་ལམ་ལ་བཞུད་རྩིས་བྱེད་སྐབས། ཚེ་གཡང་གིས་གློ་བུར་དུ་ཝང་ཏུའུ་ཏུའུ་ཡི་ལག་པར་འཇུས་ཏེ་མིག་མཐར་མཆི་མ་འཁོར་བཞིན་སང་ལོར་ཁྱོད་ཚོ་ད་དུང་ཡོང་ངམ་ཞེས་དེ་ཙམ་དག་པོ་མིན་པའི་རྒྱ་སྐད་ཀྱིས་དེ་ལྟར་དྲིས་པ་ན་ཚང་མ་སྐད་ཅིག་ལ་ཧང་སང་ནས་སེམས་ཀྱི་མཚོ་མོ་བརྩེ་བ་དྲག་པོས་བསྐྱམས། ཝང་ཏུའུ་ཏུའུ་ཡིས་ཚེ་གཡང་འཁྱུད་དེ་མིག་ཆུས་གཉིས་ཀའི་ལྭ་བ་བརླན་པར་བྱས།

སྐབས་དེར་ཕན་ཏེང་གིས་ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ལྟར་གྱུར་ཅིང་། ང་ཚོ་ལ་དར་མདོའི་འབྲོག་མཚེར་ཞིག་ན་བོད་རིགས་ཀྱི་ཨ་ཕ་ཨ་མ་ཡོད་ཅེས་བཤད་པ་རེད། རི་ལས་འབབ་པའི་ལམ་བར་དུ་རུ་མི་ཚོ་བྱིས་པ་ཆུང་ཆུང་ཕ་མ་དང་བྲལ་བ་ལྟར་མིག་ཆུ་བར་མེད་འཆོར་བཞིན་ཁོང་བཟའ་མི་གཉིས་དང་རིང་ནས་རིང་དུ་གྱེས།

ཕྱི་ཉིན་ངལ་གསོས་རྗེས་འཕྲུལ་རྟ་རུ་ཁག་གི་རུ་མི་ཚོས་ཤིང་ཏོག་དང་འཚོ་བའི་ཅ་དངོས་སོགས་ཁྱེར་ནས་སླར་ཡང་འབྲོག་རར་ལོག་སྟེ་བོད་རིགས་ཀྱི་ཨ་ཕ་ཨ་མར་ལྟ་རུ་ཕྱིན་པ་རེད།

ཉིན་དེའི་དགོང་མོར་ཕན་ཏེང་གིས་ཁོ་ཚོའི་བརྒྱུད་རིམ་བརྙན་ཐུང་ཞིག་བཟོས་ཏེ་དྲྭ་ལམ་ནས་སྤེལ་རྗེས། མྱུར་མར་སེམས་འགུལ་ཐེབས་པའི་རླབས་རྒྱུན་ཞིག་འཕྱུར་ཏེ། སི་ཁྲོན་མིའི་ལྷག་བསམ་དང་བརྩེ་བ་ནི་རུས་པའི་གཏིང་ནས་འཕྱུར་བ་ཞིག་རེད་ཅེས་དང་། འབྲེལ་འདྲིས་དངོས་ལས་ད་གཟོད་བོད་རིགས་སྤུན་ཟླ་ཚོའི་བརྩེ་དུང་ཟབ་མོ་ཤེས་ཐུབ་ལ། མི་ཚེ་གང་པོར་བརྗེད་ཐབས་བྲལ། ལས་ཀྱིས་མཇལ་བར་བཀའ་དྲིན་ཆེ་ཞེས་དྲྭ་ཐོག་ནས་དཔྱད་བརྗོད་མང་པོ་སྤེལ་བྱུང་བ་རེད།

བཅར་འདྲི་མཇུག་བསྒྲིལ་རྗེས་ཝང་ཏུའུ་ཏུའུ་པེ་ཅིང་དུ་ལོག་ཟིན་པ་དང་། མོས་སང་ལོར་ང་རང་ཆེད་དུ་དར་མདོ་ན་ཡོང་རྒྱུ་ཡིན། རྒྱུ་མཚན་ནི་ས་ཆ་དེ་ན་ངའི་བོད་རིགས་ཀྱི་ཨ་ཕ་ཨ་མ་ཡོད་ཅེས་བཤད་དོ།།

  • ལེ་ཚན་སྔོན་མ།:ལས་ལམ་གསར་དུ་གཏོད་པའི་དཔའ་མོ་ཞིག། རིགས་རུས་ཤ་ཞེན་ཆེ་བའི་མཛངས་མ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།