རང་ཡུལ་དཀར་མཛེས་ལ་བསྔགས་པ་དུས་བཞི་གཡང་གི་དགའ་སྟོན།

༼ ཁྲག་གདོང་། ༽        2025-06-20

དཔྱིད་ཀྱི་དཔལ་མོས་འཛུམ་མདངས་འཕྲོ་བ་ནས།།

རི་ལུང་ཐང་གསུམ་ལྗང་མདོག་ཚོན་གྱིས་སྒྱུར།།

སེམས་ཅན་བློ་ལ་དགའ་བདེའི་སྣང་བ་སྟེར།།

ཐལ་རྡུལ་བྲལ་ཞིང་ལྷགས་རླུང་དབེན་པའི་དུས།།

ཕ་ཡུལ་སྨུག་པོ་དཀར་མཛེས་སྐྱིད་པའི་ཡུལ།།

འདི་ལས་གཞན་པའི་ཞིང་ཁམས་བཙལ་དགོས་མེད།།

སྣང་བ་ཐོགས་པ་ལན་གྲངས་གཅིག་ཙམ་མིན།།

བསམ་གྱིན་བསམ་ན་ཕ་མའི་ཞེན་ཆགས་ཀྱང་།།

རྒྱང་རིང་མ་འཁོར་རང་ཡུལ་གཅིག་པུར་འཁོར།།

རང་སེམས་འདི་ཡང་དཀར་མཛེས་ཡུལ་ལ་ཕྱོགས།།

ལོ་དང་ཟླ་བའི་བཞུད་རྒྱུན་རིང་མོ་ལས།།

དཔྱིད་ཀའི་དཔལ་ཡོན་རྫོགས་མཐའ་ཉིན་ཞིག་ལ།།

ལྗོན་ཤིང་ཚོགས་ཀྱིས་དགའ་སྤྲོའི་ངང་ཚུལ་དུ།།

དབྱར་ཟླ་ཞེས་པ་བཅོ་ལྔའི་དུང་ཟླ་བཞིན།།

ཕྱི་ནང་གསལ་བའི་མཛེས་སྡུག་རབ་སྤྲས་པ།།

ནམ་ཟླའི་གསེང་ནས་ཁྱད་དུ་འཕགས་པ་ཞིག།

མགྲོན་དུ་བསུས་ཤིང་རྒྱང་རིང་ཡུལ་ནས་བོས།།

དེ་དུས་ལྷག་པར་རང་ཡུལ་དཀར་མཛེས་ལུང་།།

ཡིད་འོང་འདྲེན་པའི་ཡུལ་ཕྱོགས་བྱེ་བྲག་ཅིག།

དྲན་གྱིན་དྲན་མཐར་ཕ་ཡུལ་ལྷག་ཏུ་སྐྱིད།།

དབྱར་ཟླ་དྲུག་པའི་ཚེས་པ་སུམ་བཅུའི་མཇུག།

སྟོན་ཁའི་ནམ་ཟླ་ནང་སེམས་གཏིང་དུ་བྲིས།།

རྩ་དང་རྩི་ཤིང་སེར་པོ་མདོག་གིས་བཀླུབས།།

ནམ་ཟླ་ཞིག་གི་གོ་རིམས་བསམ་བསམ་མཐར།།

རང་ཡུལ་ལུང་ལ་མཛེས་སྡུག་བར་མེད་མངོན།།

བདེ་སྐྱིད་ཆགས་པའི་ཡུལ་ལུང་འདི་འདྲ་ཞིག།

འཕྲད་པ་འདི་ཡང་སྔོན་གྱི་བསོད་ནམས་སྙམ།།

ལས་འབྲས་བརྩི་ཞིང་སྙིང་རྗེ་རབ་ཡངས་ཤིང་།།

མཐུན་ལམ་བཟང་ལ་ཡ་རབས་སྲོལ་ལྡན་པ།།

དཀར་མཛེས་ཡུལ་གྲུའི་བརྗིད་ཉམས་རབ་ཏུ་ཕྱུག།

དུས་ཀྱི་འགྱུར་ལྡོག་ནམ་མཁའི་གློག་དང་མཚུངས།།

དལ་བ་དལ་གྱིས་དགུན་ཟླའི་མཚར་སྡུག་བཞད།།

བྲེལ་འཚུབ་འཇག་ནས་ལྷོད་ལྷོད་བདེ་བའི་ངང་།།

སྐྱ་སེར་ཡོངས་ཀྱིས་དམ་པའི་ཟབ་ཆོས་སྒྲུབ།།

རང་སེམས་གཡེང་མེད་བརྩེ་བའི་རང་བཞིན་གྱུར།།

ཉེར་གཅིག་དུས་སུ་འདི་འདྲ་དཀོན་པའི་ཚད།།

ཕ་ཡུལ་ལུང་དུ་ཡར་ངོའི་ཆགས་བསྐྱེད་བཞིན།།

གོང་དུ་འཕེལ་བའི་སྲོལ་རྒྱུན་ལེགས་སྐྱོང་ནས།།

མཛེས་སྡུག་ལྡན་པ་འདིས་ཀྱང་བསྔགས་ཆོག་པ།།

དཀར་མཛེས་ཞེས་པའི་མཚན་སྙན་འབར་གྱུར་ཅིག།


  • ལེ་ཚན་སྔོན་མ།:འདང་གི་བརྩེ་བ།
  • ལེ་ཚན་རྗེས་མ།:ང་དང་དཀར་མཛེས་ཁུལ་གོམ་སྟབས་གཅིག་ཏུ་མཐུན།