«ཕས་བུར་བཏམས་ཤིང་བསྟན་པའི་མདོ»ལས་མི་ཆོས་སློབ་གསོའི་སྐོར་གླེང་བ།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2023-05-09

«ཕས་བུར་བཏམས་ཤིང་བསྟན་པའི་མདོ»ལས་མི་ཆོས་སློབ་གསོའི་སྐོར་གླེང་བ།


གླེང་གཞི།

       སྤྱིར་གནའ་དེང་གི་རིག་གནས་གང་ཡིན་ཡང་རྩ་བ་དོར་ཏེ་རིག་གནས་ཀྱི་དཔེ་ལུགས་གཞན་ཞིག་གསར་གཏོད་བྱེད་རྒྱུ་ནི་ཆོས་ཉིད་དང་མི་མཐུན་པ་ཞིག་ཡིན་པས། རྙིང་པ་དོར་ཏེ་གསར་པ་ཁོ་ན་དང་དུ་ལེན་པའི་ཆད་མཐར་ལྷུང་མི་རུང་ལ། གསར་པར་གཡོལ་ཏེ་རྙིང་པ་ཁོ་ན་སྲུང་འཛིན་བྱེད་པའི་རྟག་མཐར་ཡང་ལྷུང་མི་རུང་། དེ་བས། “གནའ་བོའི་གྷི་རིག་གི་སྐབས་སུ། མཚན་ཉིད་རིག་པའི་རྩ་ལག་ཆེ་ཕྱོགས་ནས་གཏན་ཚིགས་རིག་པ་དང་། བློ་རྟོགས་རིག་པ། མི་ཆོས་རིག་པ་སྟེ་རིག་སྒོ་གསུམ་གྱིས་གྲུབ་ཅིང་། དེ་གསུམ་ལས་ཀྱང་མཐའ་མའི་གཞི་འབབ་སའམ་མཐར་ཐུག་གི་དགོངས་པའི་འབབ་སོ་མི་ཆོས་རིག་པ་ཡིན་པར་འཆད”[1]པར་མ་ཟད། དེང་སང་འཛམ་གླིང་རིག་གནས་ཀྱི་རྩ་ལག་ལའང“སྤྱི་ལྡོག་ནས་སེམས་ཁམས་ཀྱི་རྣམ་གཞག་དང་། མི་ཆོས་ཀྱི་རྣམ་གཞག བློ་རྟོགས་ཀྱི་རྣམ་གཞག”[2]བཅས་གནའ་བོའི་སྲོལ་རྒྱུན་གྱི་དབྱེ་བསྡུ་བྱེད་སྟངས་ལ་གནས་འགྱུར་ཅུང་ཙམ་བཏང་སྟེ་རིག་གནས་གསར་རྙིང་གཉིས་ལས་དབུ་མར་གནས་ཡོད་ཅིང་། མི་ཆོས་ནི་ཀུན་སྤྱོད་སློབ་གསོའི་གཟུངས་གཞུག་ལྟ་བུར་ངེས་སོ།།


གཅིག ཕས་བུར་བཏམས་ཤིང་བསྟན་པའི་མདོའི་ནང་དོན་གསེད་བཀྲོལ།
       ཡིག་ཆ་འདི་ནི་ཏུན་ཧོང་གཏེར་ཡིག་གིP.T.898པ་ཡིན་ཞིང་། ནང་དོན་གཙོ་བོར་བུས་ཕ་ལ་དྲི་བའི་ཚུལ་དུ་འཇིག་རྟེན་མི་ཆོས་ཀྱི་གནད་དོན་ཁ་ཤས་བཏོན་པ་ཞིག་རེད་འདུག གནའ་ཡིག་གི་དོན་བསྡུས་དྲགས་པས་ནང་དོན་ཆ་ཚང་གོ་དཀའ་ཡང་། ཚིག་ངོས་ལྟར་གོ་བ་བླངས་ན། ཐོག་མར་དགོས་པ་ལ་མ་སྟོར་བར་བྱ་བ་གང་ཞེས་དྲིས་ཡོད་ཅིང་། ཕས་ལན་དུ་སྤྱིར་དགོས་མཁོ་ཆེ་བ་ལ་བོར་པའམ་དོར་ཆོག་པ་གཅིག་ཀྱང་མེད་མོད། དེ་ལས་མཆོག་དམན་གྱི་དབང་དུ་བྱས་ན་ལུས་སྲིད་གཉིས་ནི་གཙོ་ཆེ་བར་བྱ་དགོས་ཞེས་ལན་བཏབ་ཡོད་ཅིང་། ཡང་གཞུང་ངམ་རྩ་བ་གང་གིས་གཟུང་ཞེ་ན། ཕས་ལན་དུ་གཞུང་ནི་དྲང་པོའམ་བདེན་པས་གཟུང་དགོས་ཤིང་ཡན་ལག་མ་ནོར་བར་གཟུང་དགོས་པར་གདམས་ཡོད། ཡང་དྲང་པོ་གང་དང་མ་ནོར་བར་ཇི་ལྟར་འཛིན་དགོས་ཞེས་པའི་ལན་དུ། རྒྱལ་པོའི་ཆོས་ཁྲིམས་བཞིན་སྲུང་དགོས་ཤིང་ཆོས་ཁྲིམས་སུ་བཀོད་མེད་ཚེ། ཡིན་དང་མ་ཡིན་ནམ། བདེན་དང་མི་བདེན་གྱི་བླང་དོར་ཕྱེས་ནས་གཟུང་དགོས་ཤིང་། སྤྱིར་དཔོན་བྱེད་ན་ནི། ནམ་མཁའ་བཞིན་སྙོམས་ཤིང་། རྒྱ་སྲང་བཞིན་དྲང་དགོས་ལ། དྲང་བདེན་གྱིས་བློར་མི་འཐད་པ་དང་འཚོ་ཚིས་ཀྱིས་མ་ཁྱབ་པ་མེད་པར་བྱེད་དགོས། ཉེས་ན་བུ་ཡང་གསོད་དགོས་ཤིང་། ལེགས་ན་དགྲ་ཡང་བསྟོད་རུང་བར་གདམས་འདུག ཡང་གཞན་ལ་ཕན་ཞིང་ལེགས་ན་ནི་རང་ལ་ཅི་ཕན་ཞེས་པའི་ལན་དུ། འཕྲལ་དུ་གཞན་ལ་ཕན་པར་འདྲ་ཡང་ཕུགས་སུ་རང་ལའང་ཕན་པ་དང་། དེ་བཞིན་འཕྲལ་དུ་གཞན་ལ་གནོད་ན་ནི་ཡུན་དུ་རང་ལའང་གནོད་པར་འགྱུར་བས། དྲང་སྙོམས་ཀྱི་ཐབས་ལ་འབད་པ་ལས་འཕྲལ་གྱི་ཁེའམ་རང་དོན་འབའ་ཞིག་དོན་དུ་གཉེར་བ་ནི་བླང་བྱ་མ་ཡིན་པར་གདམས་ཡོད།


གཉིས། གནའ་དེང་གི་མི་ཆོས་སློབ་གསོའི་འབྲེལ་བ།
       སྤྱིར་སྡོམ་ཚིག་ཐུང་ངུ་དེ་ལས་ཚུར་མཐོང་སྐྱེ་བོའི་མ་མཐའི་འཚོ་ཐབས་ཙམ་བསྟན་པ་འདྲ་ཡང་། དེ་ནི་བྱང་ཚད་མཐོ་བའི་སྤྱི་ཚོགས་སློབ་གསོའི་ཀུན་སྤྱོད་ཀྱི་ཚད་ཤིང་ཞིག་ཏུ་རུང་བར་སེམས་ཏེ། དགོས་པའམ་མཁོ་བ་དེ་ཤོར་བའི་དུས་སུ་སྲུང་བར་འོས་པ་ནི་ལུས་དང་སྲིད་དུ་གདམས་པ་དེས། ལུས་ཀྱིས“མི་སྲོག་ཤིང་དུ་འཛིན་པའི”ཀུན་སྤྱོད་མངོན་པར་མཚོན་ཞིང་། དེ་ཡང་དེང་སྐབས་ཀྱི་སློབ་གསོའི་དགོངས་དོན་དང་སྦྱར་ན། ཚོགས་ཆེན་བཅུ་དྲུག་པ་ནས་བཟུང་སྟེ་མི་སྲོག་ཤིང་དུ་འཛིན་རྒྱུ་ཐོག་མར་ཏང་གི་སྒྲིག་ཡིག་ནང་བཀོད་ཅིང་། “«ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ན་མ་སོན་པའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་གྱི་བསམ་འཆར་འགའ»ཞེས་པར། མི་སྲོག་ཤིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལོ་ན་མ་སོན་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དང་། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ལ་སྣེ་ཁྲིད་དང་སློབ་གསོ་གཏོང”[3]དགོས་པའི་དགོངས་གཞི་བཏོན་ཡོད་ཅིང་། དེས་གནའ་དེང་གི་བསམ་བློའི་རིག་གནས་གང་ཡིན་ཡང་ཕན་ཚུན་འབྲེལ་བ་མེད་པ་ཞིག་མིན་པ་གསལ་པོར་རྟོགས་ཐུབ། གཞན་ཡང་ཡིག་ཆ་ལས་བསྟན་པའི་ཉེ་རིང་མེད་པར་དགྲ་འདུལ་གཉེན་སྐྱོང་བྱེད་པའི་འདྲ་མཉམ་གྱི་བསམ་བློ་དང་། རྒྱུ་འབྲས་དྲང་བཞག་གིས་གཞན་དོན་བསྒྲུབ་པའི་དྲང་བདེན། རྒྱལ་པོའི་ལམ་ལུགས་བཞིན་སྲུང་བའི་ཆོས་ཁྲིམས་བཅས་ནི་སྐབས་དེའི་སྤྱི་ཚོགས་ཙམ་མ་ཟད། དེང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་གི་ཡ་གྱལ་ཏེ་དྲང་བདེན་དང་འདྲ་མཉམ། ཁྲིམས་སྐྱོང་བཅས་ཀྱི་ནང་དོན་དང་ཆ་འདྲ་བ་ཞིག་ཀྱང་རེད། ལྷག་པར་གཏན་འཁེལ་བྱས་ཟིན་པའི་ཁྲིམས་ལས་མ་བྱུང་བའི་གནད་དོན་ལ་འཕྲད་ཚེ་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློས་དཔྱད་པ་སྔོན་དུ་སོང་ནས་ལེགས་ཉེས་བླང་དོར་བྱེད་རྒྱུའི་གནས་ལུགས་བསྟན་པ་དེས། འཇིག་རྟེན་མི་ཆོས་མི་འཛིན་པར་རྒྱལ་ཁྲིམས་ཁོ་ནས་འཇིག་རྟེན་གྱི་ལམ་ལུགས་ཐམས་ཅད་ཀྱི་ཚབ་བྱེད་རུང་བར་རློམ་པའི་སྐྱེ་བོ་དག་གི་བསམ་བློ་ལས་རིང་དུ་བརྒལ་འདུག་ཅིང་། གཞན་ཕན་གྱི་ཀུན་སློང་དང་པོར་བརྩི་བ་ནི་གནའ་དེང་མི་ཆོས་ཀྱི་སྲོག་ཤིང་ལྟ་བུའང་ཡིན་ཏེ། བདག་གཞན་མཉམ་བརྗེ་དང་རྒྱུ་འབྲས་མན་ངག་བདུན་གྱི་སེམས་བསྐྱེད་ལས་ཀྱང་གསལ་བར་མངོན་པས་སོ། །


གསུམ། མི་ཆོས་སློབ་གསོའི་འཕེལ་ཕྱོགས།
       སློབ་གསོ་བ་དཔལ་ལྡན་ཉི་མ་ལགས་ཀྱིས“གཞུང་ལུགས་ནི་ཆོས་ཉིད་གསོག་འཇོག་གི་བསམ་བློའི་ལྟ་གྲུབ་ཅིག་ཡིན་པ་དང་། དེར་འགྲེལ་བཤད་ཀྱི་བྱེད་ནུས་དང་། ལག་ལེན་སྣེ་ཁྲིད་ཀྱི་བྱེད་ནུས། འབྱུང་འགྱུར་འཚོལ་སྙེག་གི་བྱེད་ནུས”[4]བཅས་ལྡན་པར་གསུངས་པས། ང་ཚོས་གནའ་བོའི་མི་ཆོས་ཉམས་མྱོང་སྔོག་འདོན་གྱི་སྟེང་དུ་། དེང་རབས་སློབ་གསོའི་གཞུང་ལུགས་ནང་འདྲེན་བྱས་ནས། གནའ་དེང་ཟུང་འབྲེལ་གྱི་ཚད་མཐོའི་སློབ་གསོ་འཐུས་ཚང་དུ་བཏང་སྟེ། སྲོལ་རྒྱུན་མི་ཆོས་ཀྱི་ལྟ་གྲུབ་དང་དེང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་བརྗོད་དོན་གཉིས་ཡ་བྲལ་དུ་མི་གཏོང་བར་ཕན་ཚུན་ཟུང་འབྲེལ་འོག དེང་རབས་བོད་ཀྱི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་དགོས་ཤིང་། དེ་ཡང་སློབ་གསོ་བ་ཁྲོ་བོ་རྒྱལ་མཚན་གྱིས“མི་རིགས་གང་རུང་གི་ཐུན་མོང་གི་རིག་གནས་ཚང་མ་ནི་ལོ་རྒྱུས་ཀྱིས་བསྐྲུན་པ་ཞིག་ཡིན་པ་དང་འདྲ་བར་མི་རིགས་གང་རུང་ཞིག་གི་འཕེལ་རྒྱས་ཀྱི་རྟེན་གཞིའང་མི་རིགས་དེའི་རང་གི་ལོ་རྒྱུས་ཀྱིས་བསྐྲུན་པའི་ཐུན་མོང་རིག་གནས་ཀྱི་རྟེན་གཞི་ཁོ་ནའི་སྟེང་འཛུགས་ཐུབ”[5]ཅེས་པ་ནི་དོན་དང་ལྡན་ཏེ། ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཛམ་གླིང་དེང་རབས་རིག་གནས་གཉིས་ཕན་ཚུན་མཉམ་འདྲེས་མཉམ་སྤེལ་བྱེད་རྒྱུ་ནི་བོད་ཀྱི་དེང་རབས་སློབ་གསོའི་ལས་དོན་གྱི་འགན་ཁུར་ཞིག་ཏུ་སེམས་ཤིང་། དེ་ལྟར་རྒྱུན་འཛིན་དང་བརྒྱུད་སྤེལ་གྱིས་ཕྱི་ནང་གི་སྣོད་བཅུད་ལེགས་བཅོས་དང་ཀྲུང་ཧྭ་རིག་གནས་ཀྱི་སྣ་མང་དང་གཅིག་མཐུན་རང་བཞིན་གྱི་ཁྱད་ཆོས་འབུར་དུ་དོད་ཐུབ་པར་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་བླ་ལྷག་འདོན་ཐུབ་ཚེ། ད་གཟོད་གསར་རྙིང་རིས་སུ་ཆད་པར་སྐྲག་སྣང་སྐྱེ་མི་དགོས་པར། ཡུལ་དུས་དང་འཚམ་པའི་དཔལ་འབྱོར་གྱི་རྨང་གཞི་དང་སྟེང་གི་བཀོད་པའི་མ་ལག་འཐུས་ཚང་དང་གོང་འཕེལ་དུ་གཏང་ཐུབ་པར་འདོད།


       «ཕས་བུར་བཏམས་ཤིང་བསྟན་པའི་མདོ»ནི་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་གཙོ་བོར་བསྟན་པའི་གདམས་ངག་ཅིག་ཡིན་ཞིང་། ད་དུང་གནའ་དེང་གི་མི་ཆོས་ཀུན་སྤྱོད་མཚོན་པའི་ཡིག་ཆ་ཤིན་ཏུ་མང་། དེ་དག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དང་ཉེ་བར་གནས་པས། བོད་ཀྱི་དེང་རབས་སློབ་གསོའི་གཞུང་ལུགས་འཛུགས་སྐྲུན་བྱེད་པར་གནའ་དེང་སློབ་གསོའི་དགོངས་དོན་ཟུང་འབྲེལ་བྱས་ཏེ། ཡུལ་ཁོངས་རང་བཞིན་གྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏང་དགོས་ཤིང་། ཀྲུང་གོའི་སྣ་མང་རིག་གནས་ཀྱི་ཁྱད་ཆོས་སྔོག་འདོན་དང་གཅིག་གྱུར་རང་བཞིན་གྱི་ཡང་དག་པའི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་སྟེ། ཡུལ་དུས་དང་འཚམ་པའི་དཔལ་འབྱོར་གྱི་རྨང་གཞི་དང་སྟེང་གི་བཀོད་པའི་འཛུགས་སྐྲུན་རྒྱ་བསྐྱེད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་།།


  • ལེ་ཚན་སྔོན་མ།:བོད་པས་ཉེ་དུའི་བར་གཉེན་མི་སྡེབ་པ་ནི་རིགས་རྒྱུད་བདེ་ཐང་ གི་ཆེད་ཡིན་ཚུལ་ཅུང་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།