ཀ་རྩོམ་སྙིང་གི་མེ་ཏོག

རྣོ་ཟེར།        2023-05-08

ཀ་ཡེ་གསོན་དང་བུ་ངའི་སྙིང་གི་གྲོགས།།

ཁ་ཙམ་མ་ཡིན་དྲན་པའི་གཞོན་ཆུང་ཁྱོད།།

ག་ལེར་བསམས་ན་ལས་ཀྱིས་བསྐོས་ཐང་གིས།།

ང་གཉིས་སོ་སོར་འབྲལ་བའི་སྐྱེལ་མ་བྱས།།

ཅ་ཅོའི་གཏམ་སོགས་སྨྲས་པའི་ཚུལ་དྲན་ན།།

ཇ་ཡུན་ཙམ་གྱིས་ལོ་ཟླ་མཐའ་དག་འདས།།

ཆ་རྒྱུས་ཆེ་བའི་གཤིས་འཇམ་སྙིང་གྲོགས་ཀྱི།།

ཉ་གང་ཟླ་བ་ལྟ་བུའི་བཞིན་རས་དྲན།།

ཏ་ལའི་འཁྲི་ཤིང་ལྟ་བའི་མཉེན་ལྕུག་ལྡེམ།།

ཐ་མལ་ཀུན་སྤྱོད་དོར་བའི་བཞིན་བཟང་མ།།

ད་ཐེངས་ལས་ཀྱིས་ལུང་པ་གཅིག་འཛོམས་ཀྱང་།།

ན་ནིང་འབྲལ་དགོས་བྱུང་བའི་ལས་འདི་སྐྱོ།།

པ་པིར་མིན་ཡང་ལས་ཀྱིས་རྗེས་འབྲངས་པའི།།

ཕ་རོལ་གཞན་གྱིས་བསྒྱུར་བར་ག་ལ་སྲིད།།

བ་ཀུ་ལ་ཡི་མེ་ཏོག་འབྱེད་པ་ལ།།

མ་ལུས་སུས་ཀྱང་འབྱེད་པར་ནུས་མ་ཡིན།།

ཙ་ཙིག་བཤད་སའི་སྙིང་གི་གྲོགས་དགའ་བོ།།

ཚ་ཟེར་ཅན་བཞིན་ནུབ་རིར་བརྒལ་ན་ཡང་།།

ཛ་ཧུའི་བུ་མོའི་མདངས་ཀྱིས་བྱུགས་པ་ཁྱོད།།

ཝ་ལེར་མཇལ་ཁ་ཐེངས་གཅིག་ཨེ་ཡོང་སྙམ།།

ཞྭ་མོ་གྱོན་ནས་ཡོན་པོར་ལྟ་སྟངས་སོགས།།

ཟ་ཟེའུ་རྨི་ལམ་ནང་ནས་ད་དུང་མཇལ།།

འ་ཅག་མ་འཕྲད་དྲན་པའི་སྐྱོ་གདུང་སྟེ།།

ཡ་གིའི་རི་བོ་ཡིན་ཡང་བཟོད་པར་དཀའ།།

ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ན།།

ལ་ལུང་ལམ་ཕྲན་སྟོང་ཕྲག་བརྒལ་ཀྱང་རུང་།།

ཤ་འཇམ་ཡིད་འོང་སྙིང་གི་གཅེས་ལོ་འདྲ།།

ས་སྟེང་འདི་ནས་ཁྱོད་ལས་གཞན་མ་མཐོང་།།

ཧ་ལམ་མ་འཕྲད་ལོ་ཟླ་ཁ་ཤས་སོང་།།

ཨ་བོའི་སེམས་ལ་སྐྱོ་བའི་ན་ཟུག་ལྡང་།།

ཧ་ལོའི་མེ་ཏོག་བཞད་པའི་དུས་བཟང་ལ།།

ཨ་སྐྱིད་ཐང་དུ་འཛོམ་པའི་སྨོན་འདུན་ཞུ།།



  • ལེ་ཚན་སྔོན་མ།:འདས་ཟིན་པའི་ལོ་ཟླ་དེ་དག།
  • ལེ་ཚན་རྗེས་མ།:སྣང་བའི་རྨི་ལམ།