རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-05-08

རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།

མི་རྒོད་མཚོ་ལྗོངས་ཁུལ་དུ་གླུ་ལེན་གར་འཁྲབ་བྱས་ནས་ཡུལ་སྐོར་བ་བསུ་བཞིན་པའི་ཚུལ།

“ལྔ་གཅིག”གུང་གསེང་རིང་ཉི་འོད་དྲོ་ལ་བསིལ་རླུང་འཇམ། རང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་ཁག་ཏུ་འགྲུལ་པ་མང་བའི་དུས་སུ་སླེབས། རང་ཁུལ་དུ་སླེབས་པའི་ཡུལ་སྐོར་བ་མང་ཆེ་བ་ནི་སི་ཁྲོན་དང་ཁྲུང་ཆིང་ནས་ཡོང་བའི་འཁོར་གཏོང་མཁན་ཡིན་ཞིང་། ཡུལ་སྐོར་བས་སྐྱེ་ཁམས་ལ་ལྟ་སྐོར་དང་སྤྲོ་གསེང་ཡུལ་སྐོར། གསར་བརྗེའི་སློབ་གསོ། དམངས་སྲོལ་རིག་གནས་མྱོང་རོལ་སོགས་ལ་དགའ་པོ་བྱས་པ་རེད།

དཀར་མཛེས་རྫོང་།

ཏན་ཞ་གྲོང་རྡལ་ཆུང་ངུ་སྒོ་ཕྱེ་ནས་ཚོང་གཉེར་ཚོད་ལྟ་བྱེད་འགོ་བརྩམས།

སྤྱི་ཟླ5པའི་ཚེས1ཉིན། དཀར་མཛེས་རྫོང་ཏན་ཞ་གྲོང་རྡལ་ཆུང་ངུ་དངོས་སུ་སྒོ་ཕྱེ་བ་དང་འབྲེལ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཉིན་དེར་གྲོང་རྡལ་ཆུང་ངུར་གདན་དྲངས་པའི་ཡུལ་སྐོར་དྲྭ་དཔོན་དང་འཁྱུག་དབྱིངས་དྲྭ་དཔོན། ཡུལ་སྐོར་བའི་གྲོགས་པོ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་བཅས་དཀར་མཛེས་རྫོང་འདན་མ་གྲོང་རྡལ་དུ་འཛོམས། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པའི་རྣམ་པ་མངོན།

ཤེས་རྟོགས་བྱུང་བར་གཞིགས་ན། ཏན་ཞ་གྲོང་རྡལ་ཆུང་ངུ་ཞེས་པའི་རྒྱ་ཡིག་ཡིག་འབྲུ“ཏན”གྱི་ནང་དོན་ནི་གསར་བརྗེའི་བརྒྱུད་འཛིན་པ་སྟེ་ཁོངས་གཏོགས་མང་ཚོགས་ཀྱིས་བློ་སེམས་ཏང་ལ་དཀར་བ་མཚོན་ཡོད། རྒྱ་ཡིག་ཡིག་འབྲུ“ཞ”ཞེས་པ་ནི་བཀྲག་མདངས་འཕྲོས་པའི་དོན་ཡིན་པ་དང་། དེས་ཏང་གི་བཀའ་དྲིན་གྱི་བཀྲག་མདངས་ས་ཆ་འདིར་འཕྲོས་པ་མཚོན་ཡོད། ཏན་ཞ་གྲོང་རྡལ་ཆུང་ངུས་འདན་མའི་ས་ཁོངས་ཀྱི་ཁྱད་ཆོས་དང་འདན་མའི་རིག་གནས་ཀྱི་རྨང་གཞི་བེད་སྤྱད་དེ་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་དཀར་མཛེས་རྫོང་གི་རྣམ་པ་ལྔ་སླར་ཡང་གཏོད་པའི་འདུ་འགོད་དང་ཟུང་འབྲེལ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྱད་ཆོས་ཧུར་ཐག་བཏོད་ནས་དཀར་མཛེས་རྫོང་གི་འདན་མའི་ཐོན་ལས་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

འདབ་པའི་ཉི་སྟེན་ལྗོངས་ཁུལ།

ཉིན་ཧྲིལ་པོར་ཞིབ་ཚགས་དང་བརྩེ་སེམས་ཀྱིས་ཕྱུག་པའི་དང་བླངས་ཞབས་ཞུ་སྤེལ།

“ལྔ་གཅིག”རིང་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་དང་བླངས་པ་བསོད་ནམས་ཆོས་མཚོ་ཡིས་གསར་འགོད་པར་ང་ཚོས་ཡུལ་སྐོར་བར་ཡུལ་སྐོར་བློ་འདྲི་དང་ལམ་ཐིག་ཁྲིད་སྟོན། ཡ་རབས་ཡུལ་སྐོར་གྱི་ཁ་ཏ་སློབ་གསོ། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་སོགས་ཀྱི་ཞབས་ཞུ་སྤེལ་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་བར་ལག་ཁྱེར་ཁ་པརAppདང་མཉམ་འབྲེལ་དྲྭ་རྒྱ་བརྒྱུད་ནས་མགྲོན་ཁང་སྔོན་ལ་ཐོ་འགོད། ཡུལ་སྐོར་ལམ་ཐིག་འཆར་འགོད། ཅ་ལག་ཉར་བསྐུར་སོགས་བྱས་ནས་ཡུལ་སྐོར་བར་ཉི་སྟེན་མཛེས་ལྗོངས་ཁུལ་ནི་དྲོད་སྐྱིད་ལྡན་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་པའི་མྱོང་ཚོར་ཐུབ་པ་བྱས་ཡོད་ཅེས་བཤད།

ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་དང་ལྔ་གཅིག་གུང་གསེང་རིང་གི་ཡུལ་སྐོར་འགན་ལེན་ལས་དོན་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཆེད། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚུགས་ཀྱི་ལས་སྟེགས་ལ་བརྟེན་ནས་དང་བླངས་ཞབས་ཞུའི་ས་ཚུགས4དང་དང་བླངས་ཞབས་ཞུ་བྱེད་གནས་དགུ། ཏང་ཡོན་དང་བླངས་ཞབས་ཞུའི་ལས་གནས་བཞི། ཏང་ཡོན་གྱི་འགན་འཁྲིའི་ཁུལ་བཞི་བཅས་བཙུགས་པ་དང་། མི20ཡི་འཚུབ་བསྟུན་ཡན་ལག་རུ་ཁག་བཙུགས་ཏེ་ཏང་མི་དང་ན་གཞོན་དང་བླངས་པ68ཀྱིས་ལྗོངས་ཁུལ་དུ་ཞབས་ཞུ་སྤེལ་ནས་ཡུལ་སྐོར་ཞབས་ཞུ་བར་ཐག་མེད་པ་དང་ལྗོངས་ཁུལ་གྱི་དོ་དམ་ཁྱོན་ཡོངས་ལ་ཁྱབ་པ། ཡུལ་སྐོར་བའི་རེ་འདུན་སྐོང་ཅི་ཐུབ་བྱེད་པ་དམིགས་འབེན་དུ་བཟུང་ནས་ཞིབ་ཚགས་དང་བརྩེ་སེམས་ཀྱིས་ཕྱུག་པའི་དང་བླངས་ཞབས་ཞུ་སྤེལ་བ་རེད།

གསེར་རྟ་རྫོང་།

གསེར་རྟ་རྩྭ་ཐང་དུ་གཟུགས་མེད་རིག་གནས་ཤུལ་བཞག་མྱོང་ཞིང་རོལ།

“ལྔ་གཅིག”གུང་གསེང་རིང་གསེར་རྟ་རྫོང་རིག་རྩལ་ཚོགས་པས་དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀར་གེ་སར་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་ནས་ཡུལ་སྐོར་བས་ཡུལ་དངོས་ནས་གེ་སར་གྱི་རིག་གནས་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་བྱས་ཡོད།

གར་སྟེགས་སྟེང་གི་འཁྲབ་སྟོན་པའི་ངོ་ལ་དགའ་བའི་འཛུམ་གྱིས་ཕྱུག་ཅིང་། འཁྲབ་སྟོན་དུས་ཚོད་གཅིག་ལྷག་རིང་ཐང་ཆེན་དུ་དགའ་འབོད་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། བརྗིད་ཉམས་ལྡན་པའི་ལྷ་མོའི་འཁྲབ་སྟོན་གྱིས་ལྟད་མོ་བའི་ཡིད་དབང་འཕྲོག་སྟེ་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་རྩྭ་ཐང་སྟེང་དུ་མེ་ཏོག་སྣ་བརྒྱ་བཞད་ཅིང་ནོར་ལུག་ཤ་ཤེད་རྒྱས་པའི་རྣམ་པ་མྱོང་དུ་བཅུག། ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་བ་ཀྲའོ་ཡུས་ལེ་ཡིས་ངོ་མཚར་ཆེ་བའི་ལྟད་མོ་དང་མཛེས་སྡུག་ལྡན་པའི་གྱོན་ཆས། བརྗིད་ཉམས་ཆེ་བའི་རྣམ་པ་དེས་ང་ཚོར་ཐུན་མིན་གྱི་མི་རིགས་རིག་གནས་ཉམས་སུ་མྱོང་དུ་བཅུག་བྱུང་ཞེས་བཤད་པ་རེད།

སྡེ་དགེ་རྫོང་།

དམངས་ཁྲོད་རིག་གནས་གསར་འཆར་གྱི་ཉོ་ཚོང་འདུ་ཚོགས་གཟབ་རྒྱས་གཉེར་བར་དགའ་བསུ་ཆེན་པོ་ཐོབ།

སྤྱི་ཟླ5པའི་ཚེས1ཉིན། སྡེ་དགེ་རྫོང་གིས་དམངས་ཁྲོད་རིག་གནས་གསར་འཆར་ཉོ་ཚོང་འདུ་ཚོགས་སྐབས་དང་པོ་འཚོགས་ཤིང་། ཐེངས་འདིའི་བྱེད་སྒོར་དར་རྒྱས་མཉམ་དུ་གཏོད་ཅིང་འབྲས་བཟང་མཉམ་དུ་སྤྱོད་ཅེས་པས་གཙོ་དོན་བྱས་ཤིང་། དམངས་ཁྲོད་རིག་གནས་གསར་འཆར་དངོས་མང་སྟོན་ཚོགས་དང་ཉོ་ཚོང་། སྡེ་དགེ་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམས་སྟོན། རིག་གནས་རིག་རྩལ་སྤེལ་རེས།《ཕ་ཡུལ་སྡེ་དགེ་ཁག་གཉིས་པའི》ཆེད་སྒྲིག་འགྲེམས་སྤེལ། སྨན་ཤོད་ལག་བཟོ་གཅིག་སྡུད་འགྲེམས་ཚོང་། བརྐོས་རྩལ་བགྲོ་གླེང་། ཀྲུང་གོའི་ཕུགས་འདུན·ངལ་རྩོལ་བཟང་། གནས་མཆོག་སྡེ་དགེའི་ལས་བཟོའི་བདེ་ཐང་རྒྱུགས་རྩལ་སྐབས་དང་པོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་དུས་ཡུན་ཉིན5ཡིན་པ་དང་། རིག་གནས་གསར་འཆར་དང་གླེང་སྟེགས། སྒྱུ་རྩལ། འགྲེམས་སྟོན། ཚོང་འདུས་སོགས་སྣ་མང་མཉམ་དུ་འདྲེས་ནས་སྡེ་དགེ་རིག་གནས་ཀྱིས་དཔལ་འབྱོར་གསར་པ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་པ་རེད།

རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།
དང་བླངས་པས་ཡུལ་སྐོར་བའི་དྲི་བ་ལ་ལན་འདེབས་བཞིན་པའི་ཚུལ།

དར་མདོ་གྲོང་ཁྱེར།

མི་རྒོད་མཚོ་ལྗོངས་ཁུལ་དུ་ཉིན་ལྟར་བོད་ཀྱི་གླུ་གར་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱས།

དཔྱིད་ཀར་ཁ་བ་ཞུས་ནས་ས་གཞིར་གསོན་ཤུགས་རབ་ཏུ་རྒྱས། སྤྱི་ཟླ5པའི་ཚེས1ཉིན། དར་མདོའི་མཛའ་གཞས(མི་རྒོད)ལྗོངས་ཁུལ་དུ་གནམ་གཤིས་ཡག་པོ་ཡོད་པ་དང་མཐོ་སྒང་གི་རི་ཀླུང་དུ་སྟག་མའི་མེ་ཏོག་ཐོག་མར་བཞད། ལྗོངས་ཁུལ་དུ་མི་ཚོགས་ཧ་ཅང་མང་ལ་ཁ་ཤས་ནི་ཁྱིམ་མི་དང་མཉམ་དུ་སླེབས་ཡོད་པ་དང་ཡང་ཁ་ཤས་ནི་གྲོགས་པོ་དང་འགྲོགས་ནས་སླེབས་འདུག། རི་བོ་དང་མཚེའུ་ཡིས་བརྒྱན་པའི་རང་བྱུང་ཁོར་ཡུག་ཏུ་བསྐྱོད་སྐབས་རྣ་ལམ་དུ་གྲགས་པ་ནི་བྱ་བྱེའུ་ཡི་སྐད་སྙན་དང་ཆུ་བོའི་བཞུར་སྒྲ་ཡིན། མི་རྒོད་མཚོའི་ལྗོངས་བལྟ་སྟེགས་བུར་བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་གླུ་གར14འཁྲབ་སྟོན་བྱས། སྒེག་ཉམས་ཀྱི་ཞབས་བྲོ་དང་མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག།

ལྗོངས་ཁུལ་གྱི་འཁོར་ལྷས་ལ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རླངས་འཁོར་གྱིས་གང་ནས་ཡུལ་སྐོར་བའི་འཚང་ཁ་ཤིན་ཏུ་ཆེ། ལྗོངས་ཁུལ་གྱིས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་མི་ཚོགས་མང་བའི་ས་ཆར་ཁྲིད་སྟོན་བྱས་ཏེ་ཡུལ་སྐོར་སྒྲིག་ལམ་ཤུགས་ཡོད་རྒུས་བསྲུངས་པ་རེད།

བརྒྱད་ཟིལ་རྫོང་།

ལས་ཀ་བྱེད་ཡུན་རིང་དུ་བཏང་ནས་ཡུལ་སྐོར་བར་ཞབས་འདེགས་ཞུས།

ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱ་ཆེད། བརྒྱད་ཟིལ་རྫོང་གིས་རྫོང་གྲོང་གི་མི་རིགས་ཐང་ཆེན་དང་འོད་སྐྱིད་མཚོ་ལྗོངས་ཁུལ། ཐང་མགོ་གྲོང་རྡལ། ལམ་རྒྱུད་ཀྱི་ཡུལ་ཤོག་དང་གྲོང་རྡལ་བཅས་སུ་ཡུལ་སྐོར་བློ་འདྲིའི་དང་བླངས་ཞབས་ཞུའི་ས་ཚུགས4བཙུགས་པ་དང་འབྲེལ་ལས་ཀའི་དུས་ཚོད་ཀྱང་རིང་དུ་བཏང་སྟེ། དེ་སྔའི་ཆུ་ཚོད9ནས་ཕྱི་དྲོའི་ཆུ་ཚོད5དང་སྐར་མ30བར་དེ་ཞོགས་པའི་ཆུ་ཚོད8པ་ནས་ཕྱི་དྲོའི་ཆུ་ཚོད7པའི་བར་བསྲིངས་པ་རེད། དེ་དང་ཆབས་ཅིག་རྫོང་དེས་ད་དུང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་དང་ཡུལ་སྐོར་བའི་བློ་འདྲི་སོགས་ཀྱི་ལས་དོན་སྤེལ་ནས《རྒྱང་རིང་གི་བརྒྱད་ཟིལ》དང་ཡུལ་སྐོར་དྲིལ་བསྒྲགས་དཔེ་དེབ་སྣ་ཚོགས་ཁྱོན3000ལྷག་ཙམ་རིན་མེད་ངང་སྤྲད་པ་དང་ཡུལ་སྐོར་བློ་འདྲི་ཐེངས600ལྷག་ཙམ་དང་ལེན་བྱས་པ་རེད། ཡུལ་སྐོར་བློ་འདྲིའི་ཞབས་ཞུའི་ས་ཚུགས་ཀྱིས་གྲོང་རྡལ་དང་གྲོང་ཚོའི་རིམ་པ་གཉིས་ཀྱི་ཏང་མིས་དང་བླངས་ཞབས་ཞུ་སྤེལ་ནས་ཡུལ་སྐོར་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་སྒྲུབ་ཆེད། རྫོང་དེས་ད་དུང་མི་སྣ་བསྡུས་ནས་ལྗོངས་ཁུལ་དང་མགྲོན་ཁང་། གསོལ་མགྲོན་ཁང་བཅས་སུ་ཡུལ་སྐོར་སྣེ་ལེན་དང་ཉེན་མེད་སྐོར་ཞིབ། སྒྲིག་ལམ་ཁྲིད་སྟོན་བཅས་ཀྱི་ལས་དོན་སྤེལ་བར་མ་ཟད། ཡུལ་སྐོར་ཁྲོམ་རའི་ཚད་ལྡན་དོ་དམ་ལ་ཤུགས་བརྒྱབ་སྟེ་རྣམ་པ་འགྱུར་བའི་འཛད་སྤྱོད་དང་བཙན་ཤེད་འཛད་སྤྱོད། སྤུས་ཀ་ཞན་པ་སོགས་ཀྱི་ཁྲིམས་འགལ་གཉེར་སྐྱོང་བྱ་སྤྱོད་གཏན་དུ་བཀག་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་དང་སྒྲིག་ལམ། སྤུས་ཚད། ཕན་འབྲས་བཅས་གཅིག་འགྱུར་ཡོང་བའི་དམིགས་འབེན་གྲུབ་པར་འགན་ལེན་བྱས་པ་རེད།

རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།
ལི་ཐང་རྫོང་གི་ཁྲོམ་རྙིང་དུ་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ།

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་ལྗོངས་ཁུལ།

མེ་ཕུང་དགོང་ཚོགས་འཚོགས་ནས་མཚན་མོའི་དཔལ་འབྱོར་འཕེལ་ཐབས་བྱས།

སྤྱི་ཟླ5པའི་ཚེས2ཉིན། དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་ལྗོངས་ཁུལ་གྱི་ཐང་ཆེན་དུ་ཡུལ་སྐོར་བ་མང་པོ་འཛོམས་ནས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན། ལྗོངས་ཁུལ་གྱིས“མཚན་མོའི་དཔལ་འབྱོར”གྱི་འཛད་སྤྱོད་སླར་གསོའི་གོ་སྐབས་དམ་དུ་བཟུང་ནས་ཁྱད་ལྡན་ལྗོངས་ཁུལ་དང་མཚན་མོའི་འཛད་སྤྱོད་གཅིག་སྡུད་ཁུལ་བཏོད་དེ་དམངས་སྲོལ་དང་ས་གནས་རིག་གནས་ཟུང་འབྲེལ་དམ་ཟབ་བྱས་ནས་གེ་སར་རྒྱལ་པོའི་མཁར་རྫོང་གི་མཚན་ལྗོངས་མྱོང་བའི་སྤུས་ཚད་མཐོར་རུ་བཏང་ནས་ཡུལ་སྐོར་བར་ལྗོངས་ཁུལ་དུ་ཅི་དགར་ལོངས་སྤྱོད་ཐུབ་པ་དང་གསོན་ཤུགས་འཕེལ་ཐུབ་པ་བྱས་ཡོད།

ལྗོངས་ཁུལ་གྱི་ཟས་ཞིམ་པོ་དང་སྤྲོ་གསེང་རོལ་རྩེད། གཟུགས་མེད་རིག་གནས་ཤུལ་བཞག་ཚོང་ཟོག་བཅས་ཁྱད་ལྡན་ཁྲོམ་གཞུང་གསུམ་གྱི་ཚོང་པ་ཚོས་ཡུལ་སྐོར་བར་སྣེ་ལེན་ཞུ་ཆེད་གྲ་སྒྲིག་གང་ལེགས་བྱས་པ་དང་ཁྱད་ལྡན་བཟོ་རྩལ་ཐོན་རྫས་སྣ་ཚོགས་དང་ཟས་མཆོག་གང་མང་བཟོས་ཡོད་ལ། ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ནས་ཚང་མར་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་དུ་བཅུག།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས“ལྔ་གཅིག”གུང་གསེང་རིང་དར་མདོར་ཡུལ་སྐོར་ཞབས་ཞུ་འགན་ལེན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།