སེམས་སོང་སྙིང་གི་ནོར་བུ།

དབྱངས་ཞི་བ།        2023-06-26

གཞོན་ནས་འདྲིས་པའི་ཆུང་འགྲོགས་ཁྱོད་ཉིད་ལོ་འཁོར་ལྔ་ཙམ་མ་མཇལ་བའི། །

དུས་ཚིགས་འདི་ལ་དྲན་པའི་སྟོབས་ཀྱིས་སེམས་ཆུང་དཀྱིལ་གྱི་མེ་ཏོག་དེ། །

ཁྱོད་ལ་དུང་ནས་རྒས་པའི་འདབ་མ་འཐོར་བར་བྱེད་པའི་ཉམ་ཆགས་འགྱུར། །

ད་ནི་མི་འགྱང་མྱུར་དུ་ཁྱོད་ཉིད་བདག་གི་མདུན་དུ་འཁོར་ནས་ཤོག །

མཛེས་ཤིང་དུང་བའི་ཡུལ་ལྗོངས་ལེབ་མོའི་སྟེང་དུ་འཛོམས་པའི་ཉིན་མོ་དེར། །

ངག་དང་དབྱངས་ཀྱི་ཆགཤ་གཏམ་བརྗོད་བཞིན་ཁྱོད་ཀྱི་ནུ་བོས་མདུན་མཐོངས་ནས། །

ཞལ་འཛུམ་དཀྱུས་མའི་ཟུར་མིག་གཡོས་ནས་བཅོ་ལྔའི་དགོང་མོར་འཕྲད་པར་བྱས། །

སྐབས་ཀྱི་གཏམ་དེ་སྙིང་ལ་འཆར་ཚེ་ཁེར་སྣང་འདི་ཡང་ཤིན་ཏུ་སྐྱོ། །

དྲན་པའི་འོག་ནས་ལོ་འགའི་སྔོན་གྱི་རཱ་མའི་རི་བོར་བཞུད་པ་ཡི། །

དྲང་སྲོང་འཕྲུལ་ཆེན་ཁྱེད་ཀྱིས་བརྩམས་པའི་སྤྲིན་ལ་སྐུར་བའི་དུང་བརྗོད་དེ། །

བདག་གི་ཆུང་འདྲིས་དེ་ཉིད་བསམ་བཞིན་སྐེད་ཕྲ་མེད་པའི་ཡུལ་དབུས་ནས། །

ཁ་ཐོན་ལྟ་བུར་མཚན་གཞུང་རེ་ལ་ཚིགས་བཅད་གཉིས་ཙམ་མ་ཆད་བཀླགས། །

དེ་ནི་རྩོམ་ལ་དགའ་བས་མ་ཀློག་ཁོ་བོས་ཁྱོད་རང་དྲན་པས་བཀླགས། །

སྣང་བ་ཞིག་ལ་ང་ཡང་ཁེར་མར་འཁྱམ་པའི་དུས་ཀྱི་ཟླ་བ་འདི། །

ནག་མོ་ཁོལ་ནི་ཆུང་མར་དགའ་བཞིན་ཁྲིམས་འགབ་འོག་ནས་རིང་དུ་ཆགས། །

བདག་ཀྱང་དེ་ལྟར་ལས་ཀྱིས་དབང་གི་ཁྱོད་རང་མ་མཇལ་དབེན་ལ་གནས། །

ཚངས་དབྱངས་རྒྱ་མཚོ་ཆང་མ་ཞིག་ལ་ཆཊ་པའི་འདོད་གཏམ་ཆད་མེད་བྲིས། །

ཐེངས་འགར་དགའ་མ་མང་ཙམ་བཙལ་ཀྱང་རེ་རེར་བཞིན་དུ་བྲལ་བར་བྱས། །

འདི་ཡང་ལས་ཀྱིས་འབྲེལ་བའི་བར་ལ་འཚོ་བ་སྐྱོ་བའི་གཏམ་རྒྱུད་ཅིག །

བར་མ་ཚུད་པའི་བར་དོ་བ་ང་ཁྱོད་ཀྱི་ལས་དབང་འདྲ་ལ་ཁེད། །

གཏམ་རྒྱུད་འདོད་འདྲེས་འདི་དག་མཐོང་ཚེ་མི་ལོ་འགའ་ཡི་ཆུང་རོགས་ཁྱོད། །

མ་འཕྲད་མྱི་ལོ་ལྔ་ཡི་བར་གྱི་བརྩེ་བའི་སྐུད་ཐག་མ་ཆད་པར། །

མཐུན་པའི་མེ་ཏོག་དམ་དུ་འཛིན་པའི་གཏམ་རྒྱུད་ཅིག་ཀྱང་ཡོད་པར་སྣང་། །

ལོ་མ་འཐོར་བའི་སྟོན་ཟླ་འདི་ནས་རྒྱང་རིང་ཡུལ་གྱི་ཁོ་བོ་ཡིས། །

སེམས་ཆུང་དམར་པོ་སྟེང་ལ་གནས་པའི་སྙིང་གི་གཅེས་མོ་དེ། །

མཛའ་འཕྲིན་གསེར་གྱི་རི་མོ་དཀར་པོ་དར་དཀར་མཛེས་པའི་བརྩེ་འཕྲིན་འབྲི། །

འདི་ཡང་དོན་གྱིས་ཁྱེད་ལ་དགའ་བའི་ངེས་མེད་ཡུལ་གྱི་མགྲོན་པོ་ཡི། །

མཐུན་པའི་བར་གྱི་རྟེན་གཞི་གནས་པའི་རབ་གཏམ་མཚར་མོ་ཞིག་ཀྱང་མཚང་། །

ཚངས་པའི་སྲས་མོ་ཡིད་ཀྱི་གུད་ནས་བདག་ལ་མགྲིན་པའི་དབྱངས་འགྲོས་ཤིག །

བསྩལ་བར་མཛོད་དང་ཞིང་ལ་གནས་པའི་ལྷ་མོ་དྲི་ཟའི་བུ་མོ་ལགས། །

ཞི་བའི་ཕོ་ཉ་ཁོ་མོའི་ཡུལ་དུ་སྐྱོད་པར་འདོད་བཞིན་མདོ་ཁམས་ནས། །

སྙན་བྱུང་འཇམ་པའི་འཚོ་བ་གསོ་བྱེད་ཚོར་བའི་བདུད་རྩི་བདག་ལ་འཁོར། །

རྒྱང་རིང་ཡུལ་གྱི་མ་འཕྲད་གཅེས་ལོ་དྲན་པའི་ཕོ་ཉ་དུང་བརྗོད་ཡིས། །

བསུ་བར་བསམ་པའི་བློ་མཆོག་འཁོར་བཞིན་ཁོ་བོ་དལ་དུ་འཁོར་བའི་འགྲམ། །

སྐྱེ་སྔོན་བསགས་པའི་ལས་ཀྱི་དབང་གིས་ད་ལྟར་ཁ་ཁར་འགྲོ་བ་འདི། །

ནག་མོ་ཁོལ་དང་ཁོ་བོ་བར་གྱི་དགའ་མ་མ་འཕྲད་མཚུངས་པར་སྣང་། །

༡༠

སྙིང་ལ་འཚུབ་པའི་མེ་ཏོག་རྒྱ་སེ་ཁོ་བོས་དམ་དུ་བཟུང་ནས་འདུག །

སེམས་སོང་སྙིང་གི་ནོར་བུ་ལགས་ནི་དུས་ཀྱི་བར་ནས་དྲན་བཞིན་འཁོར། །

སྐྱོ་བ་ཆེ་བའི་འཇིགས་པའི་ལམ་ནས་རྨི་ལམ་ནང་ན་འཆར་བ་ཡི། །

ཀྱེ་མ་གཏན་དེ་མདུན་གྱི་རླུང་ལ་མ་འཛེམ་མྱུར་དུ་བསྒྲགས་ནས་གནས། །

  • ལེ་ཚན་སྔོན་མ།:བརྒྱད་ཅུ་སྟོན་པ་དྲན་སོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།