རྟ་ཐོག་གི་མགུར།

ཕོ་ལྷ།        2023-06-30

ལོ་ཆུང་བའི་གྲོགས་དག་བརྗེད་རྒྱུ་མ་རེད། །

དེའི་བག་ཆགས་ཟེར་ན་ཤིན་ཏུ་མཐུག་པ། །

སེམས་དམར་པོའི་བརྩེ་བ་གཙང་མའི་གཙང་མ། །

དེའི་མཛེས་སྡུག་བོར་ཡང་དྲོ་དྲོད་མི་ཉམས། །

རྟ་རྐྱང་ནག་རྐྱང་དཀར་བཞོན་ནས་སོང་བའི། །

ལོ་ཟླ་བའི་དུས་དག་བརྗེད་ཐབས་མི་འདུག །

ལ་ལུང་པ་རེ་རེ་འཕྲེད་ཀྱིས་རྒལ་དུས། །

ངས་ཇག་གླུ་སིང་སིང་ངག་ནས་བླངས་ཏེ། །

བྱ་རྒོད་པོ་རེ་རེ་ཁ་རོག་བསད་པ། །

ཁྱོས་དེ་རིང་གླེང་ནས་ད་དུང་མི་བརྗེད། །

འདི་འདས་པའི་ལོ་ཟླ་སྐྱིད་པའི་རྟགས་རེད། །

ལོ་གཞོན་པའི་སྣང་བ་བདེ་བ་ཅན་ཡིན། །

བདེ་མི་བདེ་ཟེར་ན་ཚོད་ཅིག་མ་རེད། །

མཚན་རྨི་ལམ་དག་ཀྱང་དབྱར་གྱི་དུས་རེད། །

ཚེ་རིང་ངེས་འཚོ་བ་སྔར་བཞིན་སྐྱིད་ངེས། །

འབྲོག་ཕ་ས་གྲུ་བཞི་བདག་ཏུ་བྱས་ནས། །

རྟ་མདོ་བའི་གོང་ནས་ཤགས་གླུ་འབྱེད་དུས། །

ང་ཚངས་པ་དང་ནི་བརྒྱ་བྱིན་ཡན་ཡིན། །

སེམས་སྣང་བ་ཚངས་བརྒྱ་ལས་ཀྱང་མཐོ་ཡོད། །

རྒྱུ་ལོངས་སྤྱོད་ཟེར་ཡང་ཉུང་རྒྱུ་མེད་པ། །

མཛོད་སྒམ་ལ་གཟིགས་ན་ཤེས་གསལ་ཅི་མིན། །

ཞག་ཉི་མ་རེ་རེ་འདི་ལྟར་རྫོགས་ན། །

ས་འཁོར་བ་སྡུག་ཟེར་སྐྱག་རྫུན་རང་རེད། །

ཤི་དམྱལ་བ་ཟེར་ན་དྲན་རྒྱུ་མི་འདུག །

ཆོས་མ་ཎི་མགུར་དབྱངས་ངག་ནས་གྱེར་བ། །

ས་ཕྱི་མའི་ཡུལ་ལ་ཞེད་པ་མ་རེད། །

རོགས་ཆུང་ལོ་དྲན་པའི་འབོད་བརྡ་ཡིན་རེད། །

ཚེས་བཅོ་ལྔའི་ཟླ་བའི་འོད་དང་འགྲོགས་ནས། །

ལར་མེ་ཕུང་སྐོར་བྲོ་འཁྲབ་ན་འདོད་རེད། །

གྲི་གཟུགས་ཚད་རེ་རེ་སྐེད་ལ་བཏགས་ནས། །

ངའི་ཨ་མཐུན་རོགས་ཀྱང་ཡང་ཡང་ཁྲིད་མྱོང་། །

ལར་ཞེ་མཐུན་རོགས་ལ་ཕོག་ཐུག་བཏང་མྱོང་། །

འདི་གཞོན་པའི་སྣང་བ་རྫོགས་པའི་རྟགས་རེད། །

རྟ་མདོ་བའི་བང་རྩ་རྒོད་པའི་རྐྱེན་རེད། །

གླུ་ཐར་ཐོགས་མེད་པ་བླངས་པའི་བརྡ་ཡིན། །



  • ལེ་ཚན་སྔོན་མ།:བསམ་གཞིག་གིས་སྦྲུམ་པའི་བློས་བསླངས།
  • ལེ་ཚན་རྗེས་མ།:སྙན་ཚིག་པདྨའི་གྲིབ་བསིལ།