ནུས་རྒྱུ་གཙང་མའི་ལེགས་ཆ་བཏོན་ནས་རང་བྱུང་དང་འཆམ་མཐུན་མཉམ་གནས་ཡོང་བར་བརྩོན་དགོས།

ཚེ་རིང་ལྷ་འཛོམས་ཀྱིས་བྲིས།        2023-06-28

དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་ཉི་ནུས་དང་ཆུ་ནུས། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ནུས་རྒྱུ་གཙང་མའི་ས་རྒྱུའི་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་ལྷག་པར་དུ་ཐོན་ཁུངས་གྲུབ་ཆའི་ཐད་ཆུ་རླུང་ཉི་འོད་དྲོད་གསོག་གཞི་གཅིག་ཅན་གྱི་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་བྱས་པས་ནུས་རྒྱུ་གཙང་མ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ནུས་པ་འདོན་ས་མང་པོ་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་དུས་རབས་འདིའི་དུས་འགོའི་བར་རང་ཁུལ་གྱི་ཆུ་གློག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤར་ཡོད། དུས་རབས་གསར་པའི་ལོ་བཅུའི་ནང་ཆུ་འོད་ཕྱོགས་བསྡུས་གསར་སྦོལ་བེད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བར་བརྟེན། ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་གསར་སྦོལ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྟོང་ཝ་དུང་ཕྱུར2.5ལ་ཟིན་ཞིང་། འབྲི་ཉག་རྒྱལ་གསུམ་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། “གློག་ཤུགས་མཁའ་ལམ”དང་།“ཁྲོན་བོད་གློག་དྲྭ་སྦྲེལ་བ”སོགས་གློག་དྲྭ་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ནུས་ལྡན་ངང་ལག་བསྟར་བྱས་ཡོད། བློས་འགེལ་ཆོག་པའི་གློག་ཤུགས་འགན་ལེན་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་ནས་ནུས་རྒྱུ་གཙང་མ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ཏེ། འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་།འབད་འབུངས་བརྩོན་ལེན། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་སྟོབས་ཤུགས་གང་ཡོད་བཏོན་ནས་བསྐྲུན་དགོས།

དཀར་མཛེས་ཁུལ་ལ་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་ཤིག་འཕྲད་ཡོད་པས། ང་ཚོས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན་གྱི་དམིགས་འབེན་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་དུས་བཀག་ལྟར་ཐཱན་གཉིས་ཀྱི་དམིགས་འབེན་འགྲུབ་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་སི་ཁྲོན་གྱི་ལེའུ་རྩོམ་ཆེད་དཀར་མཛེས་ཁུལ་གྱི་ལེགས་སྐྱེས་འབུལ་དགོས་སོ།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤྱི་ཟླ་བ་དང་པོ་ནས་ལྔ་པའི་བར་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།