རླུང་ནང་གི་མར་མེ།

མགར་མེ་དུངས།        2023-07-03

དྲག་ཆར་བསྟུན་མར་བབས་པའི་བགྲེས་སོང་གི་ལམ་བུ།།

ཉི་ཤུའི་རྨི་ལམ་རིང་མོའི་མགྲོན་པོ་རུ་འཁོར་ཞིང་།།

མ་རིག་སྟུག་པོ་ཚང་ཚིང་འཇིག་རྟེན་གྱི་གམ་ནས།།

བྱུ་ཁྱུ་འཕུར་བའི་གཤོག་སྒྲོ་བློ་ཡུལ་དུ་ཐོགས་ཤིང་།།

ཚ་ཚ་འུར་འུར་འབར་བ་མེ་ལྕེ་བཞིན་མཆེད་པའི།།

རྡུལ་འཚུབ་གྱ་གྱུ་འཁྲིགས་པའི་ལམ་ཕྲན་གྱི་སྣེ་མོ།།

ལག་པས་རེག་ཏུ་མེད་པའི་སེམས་ཚོར་རེའི་འཆར་ཡན།

དར་རྒུད་ལས་ལ་བསྐོས་པའི་འདོད་ཁམས་ཀྱི་གྲུང་ནས།།

འཚོལ་བཞིན་བོར་བའི་ལོ་ཟླ་ཐེད་པོ་ཡི་སེམས་པ།།

གང་ལ་བལྟས་ཀྱང་སྨྲེང་བའི་སེམས་གཞས་ཤིག་སླེབས་འོང་།།

མེ་ལོང་ངོས་སུ་འཆར་བའི་རི་དྭགས་ཀྱི་ཁྲམ་པ།།

མི་ཚོགས་སྲེད་པ་འཕྱིང་བའི་ཁྲོམ་ཆེན་གྱི་གྲལ་ནས།།

ཚིག་གི་དམ་བཅའ་བསྙལ་བའི་ལོ་ཆང་གི་ཁམ་པ།།

ཡུན་རིང་འཐུང་འདོད་སྐྱེས་པ་བློ་ཡུལ་ནས་མྱོང་ཡང་།།

ལན་གཅིག་སྐོམ་པའི་གཉེན་པོ་ཐོབ་པ་རེ་བྱུང་ན།།

ཡིད་དབང་མ་འགྱུར་གོང་ནས་ཞེ་ཁྲེལ་ཞིག་འཕེན་པའི།།

མ་རིག་གཟེབ་དྲྭའི་འོག་གི་གྲང་རླུང་གི་བསྡུས་གཟུགས།།

འཆར་གྱིན་ནུབ་པའི་གྲིབ་མའི་སྲོད་ཁ་ཡི་སྐྱོ་གདུང་།།

མིག་གིས་འཚོལ་བཞིན་འཐོར་བའི་ཤོག་སྐྱ་རང་ཡིན་པས།།

གང་ལ་བལྟས་ཀྱང་གཅོང་བའི་འཁྱག་པ་ཞིག་ཤོར་འོང་།།

ཆར་བའི་རུས་པ་བརླན་པའི་ཉི་འོག་གི་ང་རང་།།

བདག་འཛིན་མགལ་མེ་འཁོར་བའི་རི་གྲོང་གི་སྲིབ་ཏུ།།

མེ་ལོང་ས་ལ་བརྡབས་ནས་སྐྱོ་གདུང་གི་ཟིལ་ཆུ།།

ཞོགས་པའི་ས་སྲོད་རེ་རེ་བསྐྱར་ཟློས་ཤིག་བྱེད་དུས།།

ཚེ་ཡི་བཞུད་ལམ་སྐྱེ་འཆིའི་འདུས་མདོ་ཡི་དར་ཁ།།

ལྷབ་ལྷུབ་གཡོ་ཞིང་སིག་སིག་འདར་འདར་རང་བྱེད་པའི།།

མུན་པའི་ནགས་ཚལ་སྟུག་པོའི་བུ་ཡུག་གི་དྲུང་དུ།།

རེ་དོགས་རླུང་གིས་ཟད་པའི་དར་ལྕོག་བཞིན་བསྐྱོད་ན།།

མྱ་ངན་ཐང་གི་ཁངས་ཆར་གཟུགས་མེད་ཀྱི་སེམས་པ།།

འཇའ་ལ་འཁྱུད་པའི་ཆུ་ནང་ཆབ་རོམ་རང་ཡིན་པས།།

གང་ལ་བལྟས་ཀྱང་སྡོད་པའི་སྙིང་པོ་རེ་དབེན་ཨང་།།

  • ལེ་ཚན་སྔོན་མ།:ཁ་བྱང་དབེན་པའི་རྩོམ་ཚན་འགའ།
  • ལེ་ཚན་རྗེས་མ།:རྒྱང་བཞུད་ཀྱི་ ནམ་ཟླ།