དཀར་མཛེས་ཁུལ་རིག་གནས་ཤུལ་བཞག་མཆོག་ནོར་གྱི་འོད་སྣང་རབ་ཏུ་འཚེར།

ཀུན་དགས་བསྒྱུར།        2023-07-03

སྤྱི་ཟླ6པའི་ཚེས10ཉིན་ནི་རང་རྒྱལ་གྱི2023ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་ཞིང་། ད་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཀྱི་གདེང་ཚོད་དང་རང་བརྩོན་ཞེས་པ་དེ་རེད།

རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ནི་རིག་གནས་ཤུལ་བཞག་ཉིན་མོ་ནས་བྱུང་བ་དང་། ལོ་རེའི་སྤྱི་ཟླ6པའི་གཟའ་སྤེན་པ་གཉིས་པ་ཡིན། 2005ལོའི་ཟླ་བ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2006ལོ་ནས་བཟུང་ལོ་རེའི་ཟླ་བ6པའི་གཟའ་སྤེན་པ་གཉིས་པ་ནི་ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོ་རུ་ཐག་བཅད། 2016ལོའི་ཟླ་བ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་པུའུ་ཡིས2017ལོ་ནས་བཟུང་ལོ་ལྟར་ཟླ་བ6པའི་གཟའ་སྤེན་པ་གཉིས་པ་ནི་རིག་གནས་ཤུལ་བཞག་ཉིན་མོར་གཏན་ལ་ཕབས་པའི་མོས་མཐུན་བྱས་ཡོད། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་བཙུགས་པ་དེའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་མཚོན་པ་དང་། དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་བྱེད་པའི་འདུ་ཤེས་དྲག་ཏུ་བཏང་ནས་ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་དར་སྤེལ་གཏང་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཤུལ་བཞག་ནང་དངོས་པོའི་རིག་གནས་ཤུལ་བཞག་དང་གཟུགས་མེད་རིག་གནས་ཤུལ་བཞག་གཉིས་ཚུད་ཡོད། དངོས་པོའི་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་དང་སྒྱུ་རྩལ།ཚན་རིག་བཅས་རིན་ཐང་ལྡན་པའི་རིག་རྫས་ཡིན་ཞིང་།དེའི་ནང་གནའ་བོའི་རྗེས་ཤུལ་དང་།གནའ་བོའི་བང་སོ།གནའ་བོའི་རྩིག་བཟོས།བྲག་ཕུག་དགོན་པ།རྡོ་བརྐོས།ལྡེབས་རིས།ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད་སོགས་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས། ལོ་རྒྱུས་དུས་རབས་རིམ་བྱུང་གི་དངོས་པོ་གལ་ཆེན་དང་།སྒྱུ་རྩལ་དངོས་རྫས།ཚད་ལྡན་ཡིག་རིགས།ཕྱག་བྲིས།དཔེ་དེབ་དཔྱད་ཡིག་སོགས་རིག་གནས་ཤུལ་དངོས་ཚུད་ཡོད། དེ་བཞིན་བཟོ་བཀོད་ཀྱི་བཟོ་དབྱིབས་དང་ཁྱབ་ཚུལ་སྙོམས་པོ་ཡིན་པ་དང་ཡང་ན་ཁོར་ཡུག་དང་ཡུལ་ལྗོངས་ཟུང་འབྲེལ་བྱེད་པའི་ཐད་ཡོངས་ཁྱབ་ཀྱི་རིན་ཐང་ལྡན་པའི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར(ཁྲོམ་གཞུང་དང་གྲོང་སྡེ། གྲོང་རྡལ)བཅས་འདུས་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་ཅེས་པ་ནི་དངོས་པོ་མ་ཡིན་པའི་རྣམ་པའི་ཐོག་ནས་གནས་པའི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་མི་རབས་ནས་མི་རབས་མུ་འབྲེལ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་ཚུལ་སྣ་ཚོགས་ལ་ཟེར། དེའི་ནང་ངག་ཐོག་གི་སྲོལ་རྒྱུན་དང་།སྲོལ་རྒྱུན་གྱི་འཁྲབ་སྟོན་སྒྱུ་རྩལ།དམངས་སྲོལ་བྱེད་སྒོ།གུས་སྲོལ་དང་དུས་སྟོན།རང་བྱུང་ཁམས་དང་འཇིག་རྟེན་དང་འབྲེལ་བ་ཡོད་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཤེས་བྱ་དང་ལག་ལེན།སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རྩལ་ནུས་སོགས་དང་དེ་བཞིན་གོང་གསལ་གྱི་སྲོལ་རྒྱུན་རིག་གནས་མཚོན་ཐབས་དང་འབྲེལ་བ་ཡོད་པའི་རིག་གནས་ཀྱི་བར་ཁོངས་ཚུད་ཡོད།

རང་ཁུལ་ནི་བོད་རིག་གནས་ཀྱི་འབྱུང་གནས་གྲས་ཤིག་ཡིན་ལ་ཁམས་པའི་རིག་གནས་ཀྱི་འབྱུང་གནས་ཀྱང་ཡིན། ལོ་ངོ་སྟོང་ཕྲག་རིང་།གནས་འདིར་འཚོ་བའི་མི་རིགས་ཁག་གི་མི་དམངས་ཀྱིས་མཚར་སྡུག་རྣམ་པར་བཀྲ་ཞིང་ནང་དོན་གཏིང་ཟབ་པའི་ཁམས་པའི་རིག་གནས་ཏེ་མཛའ་གཞས་རིག་གནས་དང་།གླིང་སྒྲུང་རིག་གནས།ཤམ་བྷ་ལ་རིག་གནས།གསར་བརྗེའི་རིག་གནས།དམངས་སྲོལ་རིག་གནས་གཞན་དག་བཅས་བཏོད་ཡོད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགསཔའི《དར་མདོའི་མཛའ་གཞས》ཀྱི་ཆོལ་ཁ་དང་།ཁམས་པའི་རིག་གནས་ཀྱི་འབྱུང་གནས།གླིང་རྗེ་གེ་སར་རྒྱལ་པོའི་ཕ་ས།ཤམ་བྷ་ལའི་ལྟེ་བའི་ཁུལ།རྒྱལ་རོང་རིག་གནས་ཀྱི་ལྟེ་གནས།གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་གཙོ་ལམ་བཅས་ཡིན་ཞིང་།དམར་དམག་གིས་ལྕགས་ཟམ་བླངས་པ་དང་།སི་ཁྲོན་གྱི་རི་བོའི་རྒྱལ་པོ་སྟེ་གངས་དཀར་རི་བོ། དེ་བཞིན་འབའ་གཞས། དཀར་མཛེས་རྡོག་བྲོ། རྩེ་མདའ་སྐོར་བྲོ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཡོད། དེ་མིན་ད་དུང་རྒྱལ་ནང་དུ་ཁོ་ན་ལས་མེད་པའི་དཔལ་ཡུལ་སྐོར་པ་རིག་གནས་དང་།རྟའུ་འདྲ་པ་གཉེན་སྒྲིག་གོམས་སྲོལ་སོགས་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཡོད། དམར་དམག་རྒྱང་སྐྱོད་སྐབས་དཀར་མཛེས་ཁུལ་གྱི་རྫོང16བརྒྱུད་ཡོད་ཅིང་།དུས་ཡུན་ལོ་གཅིག་དང་ཕྱེད་ཙམ་འགོར་རྗེས་གསར་བརྗེའི་རིག་དངོས་འབོར་ཆེན་བཞག་ཡོད་པས་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས། ཚོན་མདངས་རྣམ་པར་བཀྲ་བའི་རིག་གནས་ཤུལ་བཞག་དང་མཛེས་སྡུག་རྣམ་པར་བཀྲ་བའི་རི་ཀླུང་དུ་དུས་རབས་གསར་པའི་རི་མོ་ཞིག་འགྲེམས་སྟོན་བྱས་ཡོད།

རིག་གནས་ཤུལ་བཞག་ལོ་རྒྱུས་འབྱུང་འགྱུར་དང་འབྲེལ་མཐུད་བྱེད་པར་མི་རབས་ནས་མི་རབས་བར་གྱི་སྐྱེ་སྟོབས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་ཕྱིན་ནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཐོན་ཡོད། གནའ་བོའི་རིག་གནས་ཤུལ་བཞག་ལ་ཁམས་པའི་ས་གཞི་ཆེན་མོར་སྐྱེ་སྟོབས་དཔལ་གྱིས་ཁེངས་པ་དང་དུས་རབས་ཀྱི་ཉམས་འགྱུར་གསར་པ་མངོན་གྱི་ཡོད། ཁུལ་དང་རྫོང(གྲོང་ཁྱེར)རིག་གནས་ལས་དོན་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ད་སྔར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ལས་གཞི4ཡོད། དུས་མཉམ་དུ་ད་དུང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞི25དང་།ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི140དང་། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི556བཅས་ཡོད།

དུས་རབས་གསར་པར་ཧུར་སྐྱོད་དང་རྒྱང་ལམ་གསར་པར་ཕུགས་འདུན་བསྐྲུན་དགོས། རང་ཁུལ་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་མཆོག་ནོར་དེར་ནམ་ཡང་བཀྲག་མདངས་འཚེར་དུ་གཞུག་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ནུས་རྒྱུ་གཙང་མའི་ལེགས་ཆ་བཏོན་ནས་རང་བྱུང་དང་འཆམ་མཐུན་མཉམ་གནས་ཡོང་བར་བརྩོན་དགོས།
  • ལེ་ཚན་རྗེས་མ།:ཁྱད་ཆོས་རིག་གནས་ཀྱི་སྤུས་རྟགས་བཏོད་དེ་དམངས་ ཁྲོད་རིག་རྩལ་བརྒྱུད་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།