དབྱངས་གསལ་སོ་བཞིའི་རང་བཞིན་ལ་བསྟོད་པ་གསེར་ གྱི་གའུའི་མདངས།

ཁྲག་གདོང་།        2023-07-05

དབྱངས་གསལ་སོ་བཞིའི་རིགས་ལ་དུངས་ནས་སློབ་གླིང་ཞིག་གི་སློབ་མར་གྱུར། །

དབྱངས་གསལ་སོ་བཞིའི་ལྷུ་རྐང་བསྒྲིགས་ནས་མ་ཡུམ་གླིང་དུ་སློབ་སྦྱོང་བྱེད། །

དབྱངས་གསལ་སོ་བཞིར་དགའ་དད་སྤྲོ་བས་དགེ་རྒན་ཞིག་དང་འཕྲད་པ་ལ། །

དབྱངས་གསལ་སོ་བཞིར་ང་དང་ཁྱེད་ཀྱིས་རིན་ཐང་གཞལ་མེད་ཡིན་པ་ཚོར། །

དབྱངས་གསལ་སོ་བཞི་རིགས་རུས་གཙང་མས་ངག་ཏུ་འཆང་བ་མུ་མཐའ་བྲལ། །

དབྱངས་གསལ་སོ་བཞིར་མེས་པོའི་བྱིན་རླབས་རྒྱུན་ཆད་མེད་པ་གཏན་དུ་རྒྱུད། །

དབྱངས་གསལ་སོ་བཞིའི་ལས་དབང་འདི་ནི་མགོ་ནག་བོད་པས་བཅངས་གྱུར་ན། །

དབྱངས་གསལ་སོ་བཞིས་གཏན་དུ་བདེ་བའི་བླ་མེད་བྱང་ཆུབ་ལམ་པོར་བཀོད། །

དབྱངས་གསལ་སོ་བཞིའི་སྐྱེད་ཚལ་ཞིག་ཏུ་ཆོས་སྲིད་གཉིས་ཀའི་མེ་ཏོག་མཐོང་། །

དབྱངས་གསལ་སོ་བཞིའི་རྒྱུད་རིམ་བསམས་ན་ཕ་མེས་ཡོངས་ཀྱི་སྐུ་དྲིན་མངོན། །

དབྱངས་གསལ་སོ་བཞིའི་སྙིང་པོ་ཚོགས་ལ་ཡི་གར་འོང་བ་སྣ་ཚོགས་ཤིག །

དབྱངས་གསལ་སོ་བཞིའི་ལམ་ནས་བསྟན་པ་དོན་གྱི་སྙིང་པོ་ཚོར་རླབས་རྒྱས། །

དབྱངས་གསལ་སོ་བཞིའི་བརྗིད་ཉམས་གླེང་ན་སྨྲ་བའི་མཐའ་ཞིག་དཀོན་པ་ལ། །

དབྱངས་གསལ་སོ་བཞིའི་རང་བཞིན་དྲན་དུས་ཡིད་འོང་དཔག་ཏུ་མེད་པ་རྒྱས། །

དབྱངས་གསལ་སོ་བཞིའི་མདངས་ལ་འཁྱུད་ནས་མི་ཚེའི་སྙིང་པོ་ལག་ཏུ་ལེན། །

དབྱངས་གསལ་སོ་བཞིའི་ལས་རླུང་འོག་ནས་དགའ་སྐྱོ་འདྲེས་མའི་སྣང་བ་བྱུང་། །

དབྱངས་གསལ་སོ་བཞིའི་སྙིང་པོ་དྲན་བཞིན་མི་ཤེས་རྨོངས་པའི་རི་ལས་བརྒལ། །

དབྱངས་གསལ་སོ་བཞིས་ལམ་བསྟན་བྱས་ཏེ་དཔྱོད་པའི་ཤེས་རབ་འབྱུང་བ་ལ། །

དབྱངས་གསལ་སོ་བཞིའི་དྲིན་ལས་མེད་པ་ཚོར་བའི་རླབས་ཕྲེང་རྒྱུད་མར་འབབ། །

དབྱངས་གསལ་སོ་བཞིའི་ངོ་བོ་ཡང་ན་བདག་ཉིད་འདི་ལས་དྭངས་གཙང་དབེན། །

དབྱངས་གསལ་སོ་བཞིའི་བརྩེ་ཞེན་བསམས་ནས་ང་ཉིད་ཁེར་རྐྱང་མིན་པ་གོ །

དབྱངས་གསལ་སོ་བཞིའི་ལམ་དུ་ཞུགས་དུས་བརྩེ་སེམས་ཅན་གྱི་ན་ཟླ་མང་། །

དབྱངས་གསལ་སོ་བཞིའི་མདུན་ལམ་དེ་ལས་སྲིད་པའི་གྲོང་ལས་བརྒལ་བ་ནི། །

དབྱངས་གསལ་སོ་བཞིའི་ཉིང་ཁུ་ཡིན་ཞེས་དམ་པའི་ཞལ་ནས་ལྷང་ལྷང་གྲགས། །

དབྱངས་གསལ་སོ་བཞི་སྐྱིད་སྡུག་གཉིས་ཀྱི་འགྲོ་འདུག་ཟུང་གི་རོགས་ཤིག་ཡིན། །

དབྱངས་གསལ་སོ་བཞི་ལས་རླུང་ཁྲོད་ནས་སྟབས་ཀ་འགྲིག་པའི་གྲོགས་པོ་ཞིག །

དབྱངས་གསལ་སོ་བཞི་ལས་སྐལ་འོག་ནས་ང་དང་འཕྲད་པའི་བརྩེ་གྲོགས་ཤིག །

དབྱངས་གསལ་སོ་བཞི་ཆུང་ནས་འདྲིས་པའི་ཆུང་འདྲིས་གྲོགས་པོ་དེ་ཡང་ཡིན། །

དབྱངས་གསལ་སོ་བཞི་ང་དང་ཁྱེད་ལ་ཐུན་མོང་དབང་བའི་ཡིག་འབྲུ་དེ། །

དབྱངས་གསལ་སོ་བཞིའི་སྙིང་པོ་བཙལ་ན་རང་ཉིད་བདེ་བའི་དོན་ཚོར་བ། །

དབྱངས་གསལ་སོ་བཞིར་བརྩོན་པ་བྱས་ན་རང་ཉིད་བདེ་བའི་དོན་དུ་ཤེས། །

དབྱངས་གསལ་སོ་བཞིའི་དོན་དུ་འབད་ན་རང་གཞན་བདེ་བའི་ཡང་སྙིང་ངོ་། །



  • ལེ་ཚན་སྔོན་མ།:ཚངས་མགུར་ནང་ལ་ཐིམ་པའི་ཚངས་དབྱངས་རྒྱ་མཚོ།
  • ལེ་ཚན་རྗེས་མ།:ཇ་ཞོར་གྱི་དྲན་སྣང་།