ཉམ་ཆུང་ནད་པའི་ཞབས་ཞུ་བ།། ཉི་མ་ལུང་པའི་ཕ་བཟང་བུ།།

ཡེ་ཤེས་ཀྱིས་བྲིས།        2023-07-07

སྡེ་རོང་བསྟན་འཛིན་གྱི་གནས་ཚུལ་རགས་བཀོད།

ཉམ་ཆུང་ནད་པའི་ཞབས་ཞུ་བ།། ཉི་མ་ལུང་པའི་ཕ་བཟང་བུ།།

བསྟན་འཛིན་གྱིས་ནད་པར་སྨན་ལེན་རོགས་བྱེད་བཞིན་པའི་ཚུལ།

བསྟན་འཛིན་ནི་དཀར་མཛེས་ཁུལ་སྡེ་རོང་རྫོང་ཚེའུ་ཡུལ་ཤོག་གི་མི་ཡིན། ཁོང་ནི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་མི་སེམས་བཟང་ཅན་ཞིག་ཡིན། ཞིང་འབྲོག་པ་མང་པོ་སྨན་ཁང་དུ་ནད་ལྟ་སར་ཡོང་དུས་རྒྱ་སྐད་བཤད་མི་ཤེས་པའི་དབང་གིས་སྨན་པ་དང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་མྱོང་བཞིན་པ་མཐོང་དུས་ནད་པ་ཚོར་སྐད་བསྒྱུར་བའི་ལས་འགན་ཕྲག་ཏུ་ཁུར་ཞིང་། རང་ནུས་ཅི་ལྕོགས་ཀྱིས་རིན་མི་དགོས་པར་ནད་པ་ཚོར་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད།

གཅིག།

བསྟན་འཛིན་ནི་དཀར་མཛེས་ཁུལ་སྡེ་རོང་རྫོང་ཚེའུ་ཡུལ་ཤོག་གི་མི་ཡིན། ལོ་ཉི་ཤུ་སྔོན་ལ་ཁོང་གི་ཆུང་མར་གློ་བུར་དུ་གྲིབ་ཕོག་པས་མཚོ་འཕགས་མཐོ་བའི་ས་ཆར་འཚོ་བར་མི་འཚམ་པར་གྱུར། 2019ལོར་བསྟན་འཛིན་གྱིས་ཆུང་མ་ཁྲིད་དེ་ཡུན་ནན་ཏ་ལི་པའེ་རིགས་མི་དམངས་སྨན་ཁང་དུ་སྨན་བསྟེན་དུ་སོང་། གནས་དེར་མཚོ་འཕགས་དམའ་ཞིང་ནད་པ་སྡོད་ས་ཧ་ཅང་འཚམ། དེ་ནས་བསྟན་འཛིན་དང་ཆུང་མ་གཉིས་ཏ་ལིར་ཡུན་རིང་པོར་བསྡད་རྒྱུའི་སེམས་ཐག་བཅད། འཚོ་བའི་ཆེད་དུ་ཁོང་གིས་ཏ་ལ་པའེ་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་འགྲམ་དུ་མིང་ལ་བསྟན་འཛིན་བོད་ཟས་ཁང་ཞེས་པའི་ཟ་ཁང་ཞིག་བཙུགས། དུས་དེ་ནས་བཟུང་ཁོ་རང་ས་ཆ་དེར་བྲལ་ཐབས་མེད་པའི་འབྲེལ་བ་ཆགས།

ཁོང་གིས་ཆུང་མའི་སྨན་བསྟེན་ཞོར་དང་བོད་ཟས་ཁང་ཡང་གཉེར་སྐྱོང་བྱས། ནད་ལྟ་སྨན་བསྟེན་གྱི་བརྒྱུད་རིམ་ཁྲོད་དུ་བསྟན་འཛིན་གྱིས་ཞིང་འབྲོག་པ་མང་པོ་སྨན་ཁང་དུ་ནད་ལྟ་སར་ཡོང་དུས་རྒྱ་སྐད་རྒྱ་ཡིག་མི་ཤེས་པའི་དབང་གིས་སྨན་པ་དང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་མྱོང་བཞིན་པ་མཐོང་། དེ་ནས་བཟུང་བསྟན་འཛིན་གྱིས་ནད་པ་ཚོར་རྒྱ་བོད་སྐད་བསྒྱུར་གྱི་འགན་ཆེན་ཕྲག་ཏུ་ཁུར་བ་རེད། ཉིན་ལྟར་བསྟན་འཛིན་ལ་ལས་ཀ་ཧ་ཅང་མང་ཡང་ཁོང་གིས་དཀའ་སྣང་ཅི་ཡང་མི་ཤར་བ་དེ་ནི་ངའི་རྒྱུན་ལྡན་གྱི་འཚོ་བ་རེད་ཟེར།

སྨན་ཁང་དུ་སྡོད་ཡུན་རིང་བས་ཁོང་གིས་སྨན་ཁང་གི་ཚན་ཁག་དང་སྨན་བསྟེན་པའི་བརྒྱུད་རིམ་སོགས་ལ་ཆ་རྒྱུས་ཆེན་པོ་ཡོད་པར་གྱུར། སྨན་པ་དང་ནད་པའི་བར་གོ་བརྡ་མི་འཕྲོད་པའི་སྐབས་ཁོང་ལ་ཁ་པར་རྒྱག་དུས་ཁོང་ནི་ཆེད་ལས་ཀྱི་ཞབས་ཞུ་བ་ལྟར་ནམ་ཡིན་རུང་མྱུར་དུ་ཐོན་སྲིད། རྒྱ་སྐད་དང་བོད་སྐད་གཉིས་ལ་ཐོགས་པ་མེད་པའི་བསྟན་འཛིན་གྱིས་ནད་པའི་ནང་མིའི་ཚབ་བྱས་ཏེ་སྨན་པ་དང་སྤེལ་རེས་བྱས་ཤིང་། སྨན་པའི་དྲི་བ་བོད་སྐད་ཀྱི་ཐོག་ནས་ནད་པར་ཁྱེད་རང་ད་ལོ་ལོ་ག་ཚོད་རེད། དུས་ནམ་ཙམ་ནས་བདེ་པོ་མི་འདུག། དེ་སྔོན་ས་ཆ་གཞན་ལ་སྨན་བསྟེན་མྱོང་ཡོད་དམ་སོགས་ཀྱི་གནས་ཚུལ་དྲིས་ནས་ཡར་སྨན་པར་རྒྱ་སྐད་ཀྱིས་བརྒྱུད་སྤྲོད་ཡག་པོ་བྱས་པ་རེད། ནད་པ་ཚོར་དགོས་མཁོ་ཡོད་ཚེ་ཁོང་གིས་རང་གི་ནུས་པ་ལྕོགས་ཚོད་ཀྱིས་རིན་མི་དགོས་པར་སྒོ་བསྟེན་སྨན་ཁང་གི་ཨང་རྟགས་འགོད་པ་དང་། ནད་པ་ཁྲིད་དེ་ཞིབ་བཤེར་སྣ་ཚོགས་བྱེད་སར་སོང་། སྨན་ཁང་ལ་སྡོད་པའི་འགྲོ་ལུགས་སོགས་ཀྱི་ཞབས་ཞུ་དུས་རྟག་པར་མཁོ་འདོན་བྱེད་ཀྱིན་ཡོད། མཚམས་རེར་ཁོ་རང་གིས་དངུལ་བཏང་སྟེ་དཀའ་ངལ་ཡོད་པའི་ནད་པར་ཐོ་འགོད་བྱེད་རོགས་དང་སྦྲག་ཐོག་ནས་སྨན་འཛིན་སོགས་ཡར་མར་བསྐུར་གྱིན་ཡོད།

གཉིས།

བསྟན་འཛིན་གྱི་གཟའ་མཇུག་དང་ངལ་གསོའི་དུས་ཕལ་ཆེར་སྨན་ཁང་དུ་ནད་པ་ཁྲིད་ནས་སྨན་བསྟེན་རོགས་བྱེད་བཞིན་ཡོད། ཁོང་གིས་ཆབ་མདོ་དང་ཕྱག་ཕྲེང་། འབའ་ཐང་། སྡེ་རོང་སོགས་ནས་ཡོང་བའི་རྒྱ་སྐད་མི་གོ་བའི་བོད་རིགས་ནད་པ་ཁྲིད་ནས་སྨན་བསྟེན་རོགས་དང་རིན་མེད་ཀྱི་སྐད་བསྒྱུར་ཞབས་ཞུ་ཆུ་བོ་བཞིན་རྒྱུན་ཆད་མྱོང་མེད་ལ། རྟག་པར་གཞན་གྱི་ཆེན་དུ་རྒྱུག་བཞིན་ཡོད།

འབའ་ཐང་ནས་ཡོང་བའི་ནད་པ་ཞིག་གིས་ང་རང་ནི་འབའ་ཐང་ནས་སྨན་བསྟེན་སར་ཡོང་བའི་ནད་པ་ཞིག་ཡིན། ས་ཐག་རིང་བ་དང་འགྲིམ་འགྲུལ་མི་བདེ་བ། འགྲོ་སོང་ཆེ་བ་སོགས་ཀྱི་རྐྱེན་ལས་རོགས་པ་ཞིག་ཁྲིད་ན་གང་ཅི་ཐད་ནས་དཀའ་ངལ་ཧ་ཅང་ཆེན་པོ་འདུག། དེ་མིན་རང་གི་རྒྱ་སྐད་ཡག་པོ་མི་ཤེས་པས་སྨན་བཅོས་བྱ་རྒྱུར་སེམས་ཁུར་ཆེན་པོ་བྱ་དགོས་ཐུག་བྱུང་། མར་ལ་ཡོང་དུས་སེམས་ཀྱི་ཉི་ཟླ་དང་སྡེ་རོང་རྫོང་སོགས་གང་སའི་ངོ་ཤེས་ཚོར་བློ་འདྲི་བྱེད་དུས་སྟབས་ལེགས་པ་ཞིག་ལ་གྲོགས་པོ་ཞིག་གིས་ཏ་ལི་ལ་སྡེ་རོང་བསྟན་འཛིན་ཡོད་པ་དང་། ཁོང་ནི་གཞན་ལ་རོགས་རམ་བྱ་རྒྱུ་དགའ་བའི་སེམས་བཟང་ཅན་ཞིག་ཡིན་ཚུལ་ངོ་སྤྲོད་བྱས་བྱུང་། དེ་ནས་ཏ་ལི་ལ་ཡོང་རྒྱུ་ཐག་བཅད་དེ་སླེབས་མ་ཐག་བསྟན་འཛིན་བཙལ་སར་སོང་བ་ཡིན། ཀུན་གྱིས་བཤད་པ་ལྟར། བསྟན་འཛིན་ནི་རེ་བ་ཞུ་སླ་ཞིང་འདྲིས་དགའ་ཆེ་བའི་གྲོགས་པོ་ཞིག་རེད། ངས་རོགས་རམ་བྱེད་རོགས་ཞུ་དུས་ཁོས་འགན་འཁྲི་ཡོད་པ་ལྟར་འཛུམ་དམུལ་དམུལ་གྱིས་ཡ་ཡ་འོ་ཟེར་བྱུང་། དེ་ནས་ཁོང་གིས་ང་ཁྲིད་ནས་སྨན་བསྟེན་སར་སོང་། སྨན་པས་བཤད་ཚད་ཕ་ཡུལ་གྱི་བོད་སྐད་གཙང་མའི་ཐོག་ནས་ང་ལ་སྐད་བསྒྱུར་བྱས་ཏེ། ངེད་རང་གི་ནད་གཞི་ངོས་ཟིན་པ་དང་དེ་མིན་གང་གི་ཐད་ལ་གཟབ་དགོས་པའང་གསལ་བོ་ཤེས་བྱུང་ཅེས་དགའ་སྤྲོའི་ངང་ནས་སྨྱུག་འཛིན་པར་དེ་ལྟར་བཤད།

རོགས་བྱས་མྱོང་བའི་ནད་པ་ཡོད་ཚད་ཀྱི་ཁྲོད་དུ་བསྟན་འཛིན་རང་ལ་བག་ཆགས་ཆེས་ཟབ་པ་ནི་ལོ11ལ་སོན་པའི་བྱིས་པ་ནད་པ་ཞིག་རེད་འདུག། ཁོ་ནི་ས་ཐག་རིང་བའི་ལུང་ཁུག་ཞིག་ནས་ཡོང་བ་ཡིན་ལ། ཁྱིམ་ནས་སྨན་ཁང་བར་དུ་ལམ་ཐག་རིང་སྟེ་འགྲོ་ཡུན་རིང་པོ་འགོར། དེའི་རྐྱེན་གྱིས་ནད་གཞི་ཚབས་ཇེ་ཆེར་སོང་། བྱིས་པའི་ནང་མི་ཚོས་སྨན་ཁང་གི་ཚན་ཁག་མི་ཤེས་པ་དང་སྐད་གོ་བརྡ་མི་འཕྲོད་པས་ཅི་བྱ་གཏོལ་མེད་གྱུར། གནས་ཚུལ་དེ་བསྟན་འཛིན་གྱིས་ཤེས་མ་ཐག་བྲེལ་འཚུབ་ངང་སྨན་ཁང་དུ་སོང་ནས་རྒྱུས་ཡོད་པའི་སྨན་པ་དང་འབྲེལ་བ་བྱས་ཤིང་། ཁོ་ཚོ་ཁྲིད་ནས་འབྲེལ་ཡོད་ཚན་ཁག་ཏུ་དུག་ཐོག་ལ་སྨན་བཅོས་བྱེད་ཐུབ་སོང་བར་བརྟེན། གཞི་ནས་བུ་ཆུང་གི་ནད་བཅོས་དུས་ཚོད་རྩ་ཆེན་ཐོབ་པ་དང་གལ་ཏེ་དུས་ཡུན་ཅུང་འགོར་སོང་ན་ངོ་མ་སྲོག་ལ་ཉེན་ཁ་ཤོར་ཉེན་ཡོད་པ་རེད།

གསུམ།

རོགས་རམ་བྱེད་རོགས་ཞུ་མཁན་ནད་པ་སུ་ཡིན་རུང་བསྟན་འཛིན་གྱིས་རོགས་རམ་བྱས་དང་བྱེད་བཞིན་ཡོད་དེ། ནད་པ་ཚོས་ཁོང་གིས་རོགས་རམ་བྱེད་ལུགས་བྱེད་ཚུལ་དེ་ཕ་ཡུལ་གཅིག་པའི་ཉམ་ཆུང་ནད་པ་ཚོར་བསྒྲགས་ནས་གཅིག་ནས་བཅུ་དང་བཅུ་ནས་བརྒྱ། ནད་པ་ཇེ་མང་ནས་ཇེ་མང་གིས་ཁོང་བཙལ་ནས་རོགས་རམ་བྱེད་རོགས་ཞུ་བཞིན་ཡོད།

གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་བསྟན་འཛིན་གྱིས་ཏ་ལིར་བོད་ཟས་ཁང་བཙུགས་ནས་ལོ་བཞིའི་རིང་ལ་རོགས་རམ་བྱས་མྱོང་པའི་ནད་པ500ལྷག་ལ་ཟིན་ཡོད། དེ་ནི་ཚོགས་པ་ཞིག་དང་སྡེ་ཚན་ཞིག་གིས་བཀོད་སྒྲིག་མིན་ལ་ཞིང་པ་དཀྱུས་མ་ཕ་བཟང་བུ་ཞིག་གིས་གཅེས་སེམས་བཅངས་བའི་གཟི་བརྗིད་རེད།

ཁོང་གི་སྙིང་རུས་ལ་མི་མང་པོ་ཧ་ལས་ཀྱིན་ཡོད། ཚང་མས་སྐད་བསྒྱུར་དང་སྨན་བསྟེན་རོགས་རམ། རྙོག་དྲ་ལ་མི་སྐྲག་པ་ལོ་དེ་ཚོའི་རིང་ལ་ཁོང་གིས་རིན་མེད་ངང་རྒྱུན་འཁྱོངས་བྱས་ཐུབ་པ་ཅི་ཡིན་ནམ་སྙམ་སྲིད་ཀྱི་ཡོད།ནམ་རྒྱུན་ཁོར་དེའི་སྐོར་གྱི་གནས་ཚུལ་དྲི་དུས་ཁོང་གིས་དེ་དག་ཚང་མ་ལས་དབང་རེད་སྙམ་གྱི་འདུག། ནད་པ་ཚོ་ཏ་ལིར་སྨན་བསྟེན་སར་ཡོང་ནས་རྒྱ་སྐད་མི་གོ་བ་དེ་སྔོན་མ་ང་སྨན་ཁང་དུ་ཅི་བྱ་གཏོལ་མེད་གྱུར་པ་ལྟ་བུ་རེད། ད་ལྟ་ང་ཏ་ལི་ལ་ཡོད་པ་དང་རྒྱ་སྐད་ཤེས་པར་མ་ཟད་བོད་སྐད་ཀྱང་ཤེས་པས་རིགས་མཐུན་སྤུན་ཟླ་ཚོར་རོགས་བྱ་དགོས་ངེས་རེད། རང་གི་བསྒྲུབས་པའི་བྱ་བ་དེ་དོན་ཆེན་ཞིག་མ་རེད་ཅེས་བཤད་པ་རེད།

ཞིང་པ་དཀྱུས་མ་ཞིག་གིས་སྨན་བསྟེན་སྟབས་བདེར་ཡོང་ཆེད་སྨན་ཁང་གི་འགྲམ་དུ་ཟ་ཁང་བཙུགས། ལས་ཀྱི་དབང་གིས་ཉམ་ཆུང་ནད་པའི་རྒྱབ་བརྟེན་གྱུར། བསྟན་འཛིན་གྱིས་མིང་དོན་ལ་མི་བལྟས་པར་གཞན་ལ་རོམས་རམ་བྱ་རྒྱུའི་འདུན་པ་བློ་བརྟན་འགྱུར་མེད་ཡིན་ལ། རིན་མེད་ངང་སྐད་སྒྱུར་བ་དེ་བྱ་གཞག་ཏུ་བརྩིས་ཏེ་ལྷག་བསམ་རྣམ་དག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་པ་དང་ནད་པའི་བར་གྱི་ཐུང་སི་ཡག་པོ་ཞིག་བྱས་ཏེ་ལྷག་བསམ་སྦྲང་ཆར་གྱི་བདུད་རྩི་ཉམ་ཆུང་མཁོ་དགོས་ཅན་དག་ལ་ཆད་མེད་དུ་བསྩལ་བ་རེད།

མི་དཀྱུས་མ་ཞིག་གིས་ཆེས་དཀྱུས་མའི་བྱ་བ་ཞིག་སྒྲུབ་པར་བཤད་རིན་མ་མཆིས་མོད། འོན་ཀྱང་བྱ་བ་དཀྱུས་མ་ཞིག་སྐྱོ་ངལ་མེད་པར་ལོ་དང་ཟླ་བ་མཐུད་དེ་རྒྱུན་འཁྱོངས་ཐུབ་པ་ལ་གཞི་ནས་རླབས་ཆེན་ཞེས་པའི་མིང་ཞིག་ཐོབ་ཡོད། དུས་ནམ་ཞིག་དང་ཡུལ་གང་ཞིག་ཡིན་རུང་། ང་ཚོས་བསྟན་འཛིན་གྱི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་། ལྷག་བསམ་དཀར་པོའི་བྱ་སྤྱོད་ལ་སློབ་སྦྱོང་བྱ་འོས་སོ།།

  • ལེ་ཚན་སྔོན་མ།: རོང་བྲག་རྫོང་གིས་དངོས་ལྗོངས་སློབ་ཁྲིད་བྱས་ནས་གསར་བརྗེའི་ཁྲག་རྒྱུན་བསྐྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།