ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་བར་སྣང་ཁམས་སུ་ཕུགས་འདུན་མངོན་འགྱུར་བྱེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-06-15

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བར་སྣང་ཁམས་ལ་མུ་མཐའ་མེད་ཅིང་། འཚོལ་ཞིབ་ལམ་ལ་རྫོགས་མཐའ་མེད། གསར་གཏོད་ཟམ་མི་ཆད་པར་བྱས་ཚེ། ཀྲུང་ཧྭ་མི་རིགས་གཞི་ནས་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ཅེས་གསུངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་སྟེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཉིན་ཤས་གོང་། ལྷ་གྲུ་བཅུ་དྲུག་པ་རྟགས་ཅན་འཕུར་སྐྱོད་བདེ་བླག་བྱུང་བ་དང་། ལྷ་གྲུ་བཅོ་ལྔ་པ་རྟགས་ཅན་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པས། དུས་རབས་གསར་པའི་ཀྲུང་གོས་མུ་མཐའ་མེད་པའི་འཇིག་རྟེན་ཁམས་ནང་མཁའ་སྐྱོད་ཕུགས་འདུན་གྱིས་ཀྲུང་གོའི་ཕུགས་འདུན་ལ་འདེགས་སྐྱོར་བྱེད་པའི་བརྗིད་ཉམས་ཆེ་བའི་ལེའུ་ཞིག་བརྩམས་ཡོད།

འདི་ནི་ཀྲུང་གོའི་འཇིག་རྟེན་མཁའ་སྐྱོད་པ་མཁའ་དབྱིངས་སུ་འཛོམས་ཐེངས་གཉིས་པ་དེ་ཡིན་པ་དང་། ད་ཐེངས་འཇིག་རྟེན་མཁའ་སྐྱོད་པ་མི་རབས་གསུམ་བར་སྣང་ས་ཚིགས་སུ་མཉམ་འཛོམས་བྱུང་ནས། བར་སྣང་ས་ཚིགས་སུ་འཇིག་རྟེན་མཁའ་སྐྱོད་པ་རིགས་གསུམ་ཐོག་མར་བསུས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་འཇིག་རྟེན་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཁའ་སྐྱོད་ འཕེན་གཏོང་ར་བར་ཐེངས་མང་ཕེབས་ནས་འཇིག་རྟེན་མཁའ་སྐྱོད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། འཇིག་རྟེན་མཁའ་སྐྱོད་ཚོད་ལྟའི་ནང་ཞུགས་མཁན་མི་སྣར་མཇལ་འཕྲད་གནང་བ་རེད། 2021ལོའི་ཟླ་6ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་མཁའ་སྐྱོད་པའི་ཚོགས་ཆུང་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་གནང་སྐབས། བར་སྣང་ས་ཚིགས་བསྐྲུན་རྒྱུ་ནི་ཀྲུང་གོའི་འཇིག་རྟེན་མཁའ་སྐྱོད་བྱ་གཞག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས་མིའི་རིགས་ཀྱིས་ཞི་བདེའི་ངང་བར་སྣང་བེད་སྤྱོད་གཏོང་ཆེད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།   སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་འཇིག་རྟེན་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

2020ལོའི་ཟླ་5པར་རྒྱང་སྐྱོད་ཨང་ལྔ་པ་Bརྟགས་ཅན་ཐོག་མར་འཕུར་སྐྱོད་བྱེད་འགོ་བཙུགས་ནས་བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་སྒྲུབ་འགོ་བཙུགས་པ་དང་། དེ་ནས་ལྷ་གྲུ་ཨང་16པ་འཕུར་སྐྱོད་བྱས་པའི་བར་རང་རྒྱལ་གྱིས་འཕེན་གཏོང་ཐེངས་14བྱས་པ་དང་། མི་བཞུགས་འཕུར་གྲུ་ཐེངས་4ཕྱིར་ལོག་བྱས་པ། འཇིག་རྟེན་མཁའ་སྐྱོད་པ་གྲུ་ཚང་ནས་ཕྱིར་ཐེངས་11ཐོན་པ། འཇིག་རྟེན་མཁའ་སྐྱོད་རུ་ཁག་5དང་འཇིག་རྟེན་མཁའ་སྐྱོད་པ་15བཅས་ཀྱིས་རེས་མོས་ངང་འཁོར་ལམ་ཐོག་བཅའ་སྡོད་དང་བརྗེ་རེས་བྱེད་པ། བར་སྣང་ས་ཚིགས་དུས་བཀག་ལྟར་བསྐྲུན་པ་བཅས། མུ་མཐའ་མེད་པའི་འཇིག་རྟེན་ཁམས་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོའི་འཇིག་རྟེན་མཁའ་སྐྱོད་ཀྱིས“མྱུར་ཚད་མགྱོགས་པོ”ལེགས་པར་མངོན་ཡོད།
བར་སྣང་ས་ཚིགས་ཀྱི་ལས་འགན་ལ་དམིགས་ཏེ། ལས་གྲྭའི་ལམ་ཐིག་ཧྲིལ་པོར་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་རང་ཚུགས་རང་སྤེལ་མཐའ་འཁྱོངས་བྱས་ནས། སྔ་རྗེས་སུ་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་འགག་རྩའི་ལྟེ་བའི་ལག་རྩལ་འབོར་ཆེན་ཚད་བརྒལ་ངང་ཁོང་དུ་ཆུད་པ་བྱས་ཏེ། རང་བརྟེན་འཕུར་སྐྱོད་ཡོ་ཆས་6དང་མེ་ཤུགས་འཕུར་མདའ་2རང་བརྟེན་ཞིབ་བཟོ་བྱས་པས་ཟོག་འདྲེན་འཕུར་གྲུས་དངོས་ཟོག་དབོར་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཆ་ཚང་བའི་སྐམ་མཚོ་མཁའ་གསུམ་གྱི“རྩ་གསུམ་གཞི་གཅིག་”གི་ཚད་ལེན་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་བ་དང་། རང་ཚུགས་རང་བདག་ངང་ཐོན་གསར་པའི“མཁའ་འགྲོ”རྟགས་ཅན་གྱི་གྲུ་ཚང་ཕྱིའི་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་ཞིབ་འཇུག་དང་གསར་བཟོ་བྱས་པ། བསྐྱར་སྐྱེས་རྣམ་པའི་ཁོར་ཡུག་ཚོད་འཛིན་དང་འབྱུང་ཁམས་སྲུང་སྐྱོང་སོགས་འགག་རྩའི་ལག་རྩལ་རབ་དང་རིམ་པར་འགག་སྒྲོལ་བྱས་པ། ལྟེ་བའི་ལྷུ་ལག་ཆེ་གྲས་རང་རྒྱལ་གྱིས་ཐོན་སྐྱེད་བྱེད་ཚད་100%ཟིན་ཡོད།

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ལས་གྲྭས་སྤྱིའི་ཆ་ནས་མི་བཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་འགན་གཅིག་འདོམས་བྱས་ནས་བསྐྱར་དུ་སྤྱོད་ཆོག་པའི་མི་བཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རབས་གསར་པ་དང་མི་བཞུགས་འཕུར་གྲུ་རབས་གསར་པ་ཞིབ་བཟོ་བྱ་རྒྱུ་དང་། དུས་དང་བསྟུན་ནས་རྒྱ་སྐྱེད་གྲུ་ཚང་འཕེན་གཏོང་བྱས་ཏེ་བར་སྣང་ས་ཚིགས་ཀྱི་གཞི་རྩའི་གྲུབ་ཆའི་རྣམ་པ་དེ“T”དབྱིབས་ནས་“རྒྱ་ཡིག་ཡིག་འབྲུ་ཧྲི十”དབྱིབས་སུ་རིམ་སྤོར་བྱས་པ་དང་འབྲེལ་བར་སྣང་ས་ཚིགས་ཀྱི་གྲུ་ཚང་ནང་བཀོད་སྒྲིག་བྱས་པའི་ཚན་རིག་ཚོད་ལྟའི་སྒམ་དང་གྲུ་ཕྱིའི་ཐེག་ཚད་སྒྲིག་ཆས་ཆེ་གྲས་སྤྱད་དེ་གཞི་ཁྱོན་ཅུང་ཆེ་བའི་བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།

རྗེས་མཐུད་ད་དུང་རང་རྒྱལ་གྱི་བར་སྣང་སྐོར་སྐྱོད་རྒྱང་ཤེལ་ཆེ་གྲས་དང་པོ་དེ་འཕེན་གཏོང་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་མཁའ་དབྱིངས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་དངུལ་ཁང་གིས་དོན་འདི་ཁྱབ་བསྒྲགས་བྱས་འདུག
  • ལེ་ཚན་རྗེས་མ།:ལི་ཆང་གིས་ཧོང་ཏུའུ་ལ་སིའི་ཙུང་ཐུང་ཁ་སི་ཐི་ལའོ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།