༼ ཁམས་ཟླ་སྲས། ༽ 2024-12-30
རེ་བའི་རྨི་ལམ་ངོས་ཀྱི་དྲན་ཤིང་གི་རྩེ་ནས། །
དགའ་དབྱངས་སྙན་པ་སྩོལ་བའི་ན་ཆུང་གི་བུ་མོ། །
ཁོ་བོའི་དད་འདུན་འཕོས་པའི་བསིལ་ཟེར་གྱི་འོག་ནས། །
ངག་རིག་དབྱངས་ཀྱི་དྲིལ་ཆུང་བདག་པོ་ལ་འགུགས་རོགས། །
གནས་མཆོག་ཁ་བ་རི་བའི་ཡུལ་ལྗོངས་ལ་སྐོར་དང་། །
ངེས་དོན་ཆོས་ཀྱི་ཟེ་བ་རང་དབང་གིས་འཐུ་ཆོག །
ཅི་འདོད་སེམས་ཀྱི་སྣང་བ་དབྱངས་རྟ་ལ་བསྲེས་དང་། །
རང་བྱུང་ངག་གི་རྒྱལ་མོའི་སྙིང་སྡུག་ལ་ཆགས་འགྲོ། །
ཚངས་ཆེན་ལྷ་ཡི་འཛུམ་འོད་སྤྲིན་དཀར་དང་འགྲོགས་དུས། །
མ་བཅོས་དྲུག་འགྱུར་ངག་གི་གླུ་དབྱངས་དེ་དཀྲོལ་དུས། །
ཟུང་འཇུག་ཡེ་ཤེས་དག་པའི་མཁའ་དབྱིངས་ཀྱི་གསེབ་ནས། །
ལྷོད་མེད་སེམས་ཀྱི་འཁོར་ཕྱོགས་དབང་མེད་དུ་བརྐུས་སོང་། །
མཛེས་སྡུག་མེ་ཏོག་དམར་པོའི་རང་གཤིས་ལ་མཛའ་བའི། །
ཚངས་སྲས་ལྷ་ཡི་བུ་མོའི་ཟུར་མིག་གི་མདའ་མོ། །
ཁོ་བོའི་དྲན་ཤིང་ལྗོན་པའི་ནང་གསེང་༽གི་འདབ་ནས། །
མ་བྲིས་སྙིང་ལ་འཛུམ་པ་ལས་སྐལ་གྱིས་ཡིན་ནོ། །
ཆུ་བོ་ཐུར་དུ་འབབ་པའི་ཤག་སྒྲ་ལ་ཉན་དུས། །
སྒྲ་འཛིན་བུ་གར་སྙན་པའི་དབྱངས་རྟ་ཞིག་གྱེར་སོང་། །
ལས་མཐུན་སྙིང་གི་གཏན་གྲོགས་རྒྱང་རིང་ལ་ཆས་སོང་། །
བུ་ཆུང་ཤུལ་ནས་སྐྱོ་གདུང་གངས་ཆར་ལ་འདྲེས་སོང་། །
རྫ་འགོའི་སྨུག་པ་གངས་ཀྱི་རི་ཀླུང་ལ་འཐིབས་སོང་། །
རྫ་འདབས་དབེན་པའི་རི་ནས་ཅང་ཤེས་ལྟར་རྒྱུག་འགྲོ། །
རྫ་ཆུ་དྭངས་མོ་མིག་གི་མདུན་ལམ་ནས་འབབ་དུས། །
རྫ་སྐེད་རི་བོའི་ཐང་ནས་རྒྱང་སོ་ཞིག་ལྟོས་དང་། །
ཚེ་རབས་ལས་སྐལ་ཞིག་གིས་ལྷན་འཛོམས་དེ་བྱུང་ན། །
ཡིད་མཐུན་བརྩེ་བའི་འཛུམ་ཕྱོལ་བུ་ཆུང་ལ་སྟོན་དང་། །
ས་མཐའི་ས་མཐར་འགྲིམ་པའི་བྱེ་ཐང་གི་འགྲམ་ནས། །
ལས་འཕྲོའི་མེ་ཏོག་དམར་པོར་འཁྲེང་ཞེན་དེ་ཆེ་སོང་། །
ཞི་བའི་ལམ་སྣ་མ་ཚོལ་ང་རང་ལ་སྒུག་ཞོགས། །
ལང་ཚོ་གཞན་པར་མ་གནང་ང་རང་ལ་བསྐྱུར་རོགས། །
མཛའ་གྲོགས་སེམས་ཀྱི་འདུན་མ་ང་རང་ལ་གཏད་རོགས། །
ཁོ་བོའི་དྲན་ཤིང་ནང་གི་ཡིད་འོང་གི་དགའ་མ། །
རྩོམ་གསར། 10