༼ སྦྲ་འཚོ། ༽ 2024-12-30
ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་གདའ།གྲང་རླུང་འུར་འུར་དུ་ལྡང་གིན་འདུག། ཁོ་ར་ཁོར་ཡུག་ཀུན་ཁ་བས་གཡོགས་ཏེ་དཀར་བོང་བོང་བྱས། རི་རྩེ་རུ་བཙུགས་པའི་དར་ལྕོག་དག་རླུང་གིས་བདས་ཏེ་འདར་ཡོམ་ཡོམ་བྱས། ཉག་ཕྲ་བའི་ཉི་ཟེར་ཕྲ་མོ་དེ་ཡང་སྤྲིན་པའི་གསེབ་ནས་སུ་ཞིག་ལ་གབ་པའི་ཟོལ་གྱིས་མངོན་ཙམ་མངོན་ཙམ་བྱས། འགྱུར་འགྱུར་ནམ་རྒྱུན་དང་འདྲ་བར་སྒྱིད་ལུག་གི་མལ་ས་ལས་ལངས་ཏེ་གླལ་རྨྱོང་ཞིག་བྱས་རྗེས་ཐབ་ཀའི་འགྲམ་དུ་བསྡད་དེ་ནངས་ཇ་འཐུང་། ཁོས་ནངས་ཇ་བཏུང་རྗེས་མོས་ལ་མི་མོས་པའི་ངང་རྫི་བོར་བསྐྱོད། ཁོས་གཡང་ཕྱུགས་རྣམས་ཀྱི་རྒྱབ་ནས་ཀྭི་སྒྲ་ཉམ་ཐག་པ་ཞིག་སྒྲོག་གིན་སོང་། ཡུད་ཙམ་གྱིས་ཞལ་དཀར་རྩྭ་ཐང་དུ་སླེབས། ཞལ་དཀར་རྩྭ་ཐང་ནི་རྣམ་ཀུན་དང་མི་འདྲ་བར་ཁ་བས་གཡོགས་ཏེ་དཀར་བོང་བོང་འདུག། གྲང་རླུང་བསིལ་མོ་ཞིག་ཀྱང་ལྡང་ཡོང་བས་འགྱུར་འགྱུར་གྱི་རུས་གསེང་དུ་གྲང་འདར་ཕྲན་བུ་རེ་བརྒྱབ། དེ་ནས་ཁོས་གཡང་ཕྱུགས་རྣམས་ཁ་ཕྱིར་བཀོད་དེ་རྒྱ་མཐའ་ནགས་གསེབ་ཏུ་བཏང་རྗེས། ཐང་ཤིང་ཆེན་པོ་ཞིག་གི་ཞབས་ནས་མེ་ཆུང་ཆུང་ཞིག་སྦར་ཏེ་ལག་པ་སྲོ་བཞིན་འདུག། མཚམས་དང་མཚམས་སུ་ཁ་ཏའི་གཟན་སྐད་མི་སྙན་པ་རེ་གྲགས་ཡོང་བ་དེས་ཁོའི་སེམས་ལ་མི་སྐྱིད་པའི་ཚོར་བ་ཞིག་སྟེར། དེ་དང་མཉམ་དུ་འབྲོག་ལས་ལ་ཞེན་པ་གཏིང་ནས་ལོག། ལྷག་ཏུ་ཁོ་ཚང་གི་དགུན་མཚེར་འདི་ལ་མོས་པ་གཏན་ནས་མེད་པར་གྱུར། དགུན་མཚེས་འདིར་ཁོ་བཟའ་ཟླ་གཉིས་མ་གཏོགས་མེད་པས་ལྷག་ཏུ་ཁོ་ལ་ཁེར་རྐྱང་གི་སྣང་བ་ཞིག་སྟེར། དེ་ལྟར་ཁོས་འདང་རྒྱག་གིན་རྒྱག་གིན་འབྲོག་ཐོག་ཏུ་སྡོད་འདོད་མེད་པ་དང་། འབྲོག་ལས་ལ་དཀའ་ངལ་ཆེ་བ་ཙམ་ལས་ཡོང་འབབ་མི་ཆེ་བས་གྲོང་ཁྱེར་དུ་གནས་སྤོ་དགོས་སྙམ། གྲོང་ཁྱེར་དུ་སོང་ན་དཀའ་ངལ་ཆེན་པོ་མེད་པར་ཡོང་འབབ་ཆེན་པོ་ལོན་ཐུབ་པ་དང་། གྲང་འཁྱག་ཀྱང་མེད་པས་ཅི་འདྲའི་སྐྱིད་པོ་ཞིག་མིན་གྲང་སྙམ། ལོ་སྔོན་མར་ཁོ་ཚང་གི་ཁྱིམ་མཚེས་ཚང་མས་གཡང་ཕྱུགས་རྣམས་བཙོངས་ཏེ་གྲོང་ཁྱེར་དུ་སྤོས་པ་དང་། ལྷག་ཏུ་ཁོའི་གྲོགས་པོ་ཏན་ཏན་ཚང་ཡང་གྲོང་ཁྱེར་དུ་སྤོས་པ་དང་། ཏན་ཏན་གྱིས་ཁོ་ལ་གྲོང་ཁྱེར་གྱི་འཚོ་བར་སྐྱིད་རབས་དང་བདེ་རབས་ལུང་པ་གང་བཤད་པས་ད་ལྟ་ཁོ་གྲོང་ཁྱེར་དུ་སྤོ་འདོད་སྐྱེས། ཁོས་ཐབས་བརྒྱ་ཇུས་སྟོང་གིས་གཡང་ཕྱུགས་རྣམས་གཞན་ལ་བཙོངས་རྗེས་ཆུང་མ་ཁྲིད་དེ་གྲོང་ཁྱེར་དུ་སོང་། ཁོ་བཟའ་ཟླ་གཉིས་གྲོང་ཁྱེར་དུ་སླེབས་དུས། གྲོང་ཁྱེར་གྱི་ཁང་པ་དང་རླངས་འཁོར་རྣམས་གྲོག་མ་བཞིན་འདུར་བར་མཐོང་དུས་ཁོང་གཉིས་ཁ་གདངས་མིག་བགྲད་དེ་ལུས། ཁོ་གཉིས་ཏན་ཏན་དང་འཕྲད་དུས་ཕྱི་དྲོ་ཞིག་ཡིན། ཕྱི་དྲོ་དེར་ཏན་ཏན་གྱིས་ཡིད་ཕམ་པའི་ཟོལ་གྱིས། “འབྲོག་པ་གྲོང་ཁྱེར་དུ་ཡོང་ན་བྲན་གཡོག་རེད། འབྲོག་པ་རྩྭ་ཐང་དུ་སྡོད་ན་ཁེ་ལས་པ་རེད། ”ཅེས་བཤད་དེ་མགོ་བོ་འཕྲེད་དུ་གཡུག། ཡང་ཁོས།“ང་འདིར་ཡོང་བ་ནས་མི་གཞན་གྱི་བྲན་གཡོག་བྱས་པ་ཡིན། བྲན་གཡོག་ལས་ཀ་འདི་ཇི་ཙམ་དཀའ་ངལ་ཡོད་པ་ཁྱོད་བཟའ་ཟླ་གཉིས་ཀྱིས་མི་ཤེས་པར་འདུག ”ཟེར་ནས་མགོ་འཕྲེད་དུ་གཡུག་པ་དང་དབུགས་རིང་ཞིག་ཕྱུང་། འགྱུར་འགྱུར་གྲེ་བ་འགགས་ཏེ་ཅི་ཡང་སྨྲ་མི་ཐུབ་པ་དང་། རང་གིས་རང་ལའང་ཡིད་མི་ཆེས་པར་གྱུར། ཁོས་ཤུགས་ཀྱིས་མིག་འཛུམ་བཞིན།“སྔོན་་་་་སྔོན་་་་་་་་སྔོན་ཆད་་་་་་་”ཏན་ཏན་གྱིས་ཁོའི་ཚིག་འཕྲོར་བཅད་དེ།“སྔོན་ཆད་དང་པོ་ཙ་ན། སྒོར་མོ་ཡོད་པ་དང་། ཕྱིས་སྒོར་མོ་མེད་དུས་བྲན་གཡོག་མི་བྱེད་ཀ་མེད་རེད། ཤེས་བྱ་རིག་གནས་མེད་དུས་བྲན་གཡོག་ལས་གཞན་མི་འདུག”ཟེར། འགྱུར་འགྱུར་གྱིས་ལག་ཟུང་འདར་འདར་ངང་ཇ་ཧུབ་འཐུང་བྱས་རྗེས་ཆུང་མའི་གདོང་ལ་ཅེར་བྱུང་། ཚུལ་དེ་ནི་ངས་བློ་ཉེས་ཤོར་སོང་དགོངས་དག་ཞུ་ཟེར་བ་དང་ཨ་ན་མ་ན་རེད།།
རྩོམ་གསར། 10