མི་རྟག་དྲན་པའི་མགུར།

༼ ཉག་ཕྲན། ༽        2024-12-30

མིག་ཟུང་ཕུར་ཕུར་གནང་ནས།།

ཐག་རིང་རྒྱང་ལ་བལྟས་པས།།

ཤར་ཕྱོགས་རི་བོའི་རྩེ་ནས།།

ཁྱོད་ཀྱི་འཛུམ་ཞལ་མངོན་བྱུང་།།

སེམས་པ་ནང་དུ་བསྡུས་ཤིང་།།

དྲན་པ་རྒྱང་ལ་གཏད་ནས།།

མཛེས་སྡུག་སྙིང་གི་མཛའ་མོ།།

ང་ལ་འཐོབ་ན་སྙམ་སོང་།།

མི་རྟག་སྒྱུ་མའི་འཚོ་བར།།

མཛེས་པའི་ཕྲ་ཞིག་མཁོ་ན།།

ང་ཡི་འཚོ་བའི་རྒྱན་ལ།།

ཁྱོད་ཅིག་ཡོད་ན་དེས་ཆོག །

ཉིན་མཚན་ཁོར་མོ་ཡུག་ཏུ།

ཁྱོད་ཅིག་མཐོང་ན་བསམས་ནས།།

མིག་ཟུང་རྒྱང་ལ་གཏད་ཅིང་།།

སེམས་པ་ཁྱོད་སར་ཕྱོགས་སོང་།།

ཞོགས་པའི་ཉི་གཞོན་མཐོང་དུས།།

ཁྱོད་ཀྱི་ཞལ་རས་དྲན་ཡོང་།།

མ་མཇལ་དྲན་པའི་སྐྱོ་གཞས།།

དགུང་སྔོན་གནམ་ནས་བཏང་ཡོང་།།

དགོང་ཁའི་མཚམས་སྤྲིན་མཐོང་དུས།།

ཁྱོད་ཀྱི་དགོད་སྒྲ་ཐོས་བྱུང་།།

གསུང་སྙན་ཁུ་བྱུག་གྲེ་འགྱུར།།

རྣ་བའི་རྒྱན་དུ་ཤར་བྱུང་།།

ཉི་གཞོན་ནུབ་ཏུ་ཡལ་ཞིང་།།

ཟླ་བ་མཁའ་རུ་འཕགས་དུས།།

ང་ཡི་རྨི་ལམ་ནང་ལ།།

མཛེས་སྡུག་ལྷ་མོ་བབས་བྱུང་།།

དཀར་འཇམ་དཀྱིལ་འཁོར་བཞིན་རས།།

ཟླ་བའི་དཔལ་ལ་མཁུ་ཞིང་།།

མཉེན་ལྡན་ལེགས་པའི་གཟུགས་རིས།།

ཚིགས་དྲུག་སྨྱུག་མའི་རང་མདངས།།

ཕར་ལ་མིག་གིས་བལྟས་པས།།

ཚུར་ལ་འཛུམ་གྱིས་བསུས་སོང་།།

སྤྲོ་འཛུམ་པདྨའི་སེའུ་འབྲུ།།

ང་ཡི་སྙིང་ལ་ལྷུང་སོང་།།

ལག་ཟུང་གཡུགས་གཡུགས་གནང་བས།།

མིག་ཟུང་བཙུམ་བཙུམ་བྱས་སོང་།།

སེམས་པ་འཚབ་འཚུབ་ངང་ནས།།

ངོ་གདོང་དམར་པོར་གྱུར་སོང་།།

མྱུར་དུ་ཕར་ལ་སོང་ནས།།

ཕྱིར་འདང་ཡང་ཡང་བརྒྱབ་པས།།

བུ་མོ་ལྷ་མོ་འདྲ་བོ།།

སེམས་ནས་བསུབ་ཐབས་མི་འདུག །

ཟླ་བའི་འཛུམ་མདངས་ཡལ་ཞིང་།།

སྐར་མའི་བཀྲག་མདངས་བོར་ཏེ།།

དཀར་གསལ་ཉི་མ་ཤར་དུས།།

རྨི་ལམ་རང་སར་གྲོལ་སོང་།།

ཕྱིར་དྲན་མཚོ་མོའི་ཀློང་ན།།

མ་བརྗེད་རང་སོར་གནས་པའི།།

གངས་རིའི་གངས་ལྷ་མེ་ཏོག །

སེམས་ཀྱི་གཏིང་ནས་བཞད་སོང་།།

སེམས་པ་ཤོར་སོང་འདྲ་ཡང་།།

སེམས་ཀྱིས་ཡང་ཡང་བརྟགས་དུས།།

སེམས་པ་སོང་བའི་བུ་མོ།།

སེམས་ཀྱི་དཀྱིལ་ན་མི་འདུག །

དྲན་གདུང་མི་འདུག་སྙམ་ཡང་།།

དྲན་པའི་དཀྱིལ་འཁོར་ནང་ནས།།

དྲན་གླུ་ཡང་ཡང་གྲག་དུས།།

དྲན་པ་དྲན་པས་བཟི་སོང་།།

འཇིག་རྟེན་འཚོ་བ་ཟེར་བ།།

དགའ་སྐྱོ་ཟུང་འབྲེལ་ཡིན་ཡང་།།

སྐྱོ་བའི་ན་ཟུག་མ་གཏོགས།།

ང་ལ་དགའ་བ་མི་འདུག །

ཁྱོད་ཀྱི་བརྩེ་བའི་གྲུ་ཆུང་།།

བདག་གི་དགའ་སྐྱོའི་འཚོ་བའི།།

མཚོ་མོའི་རླབས་རྒྱུན་ཁྲོད་ན།།

མི་ནུབ་རྟག་ཏུ་གནས་ཡོད།།

མ་འོངས་འཚོ་བ་ཟེར་བ།།

གདམ་གསེས་བྱ་རྒྱུ་ཡོད་ན།།

ཇུས་འགོད་རང་གིས་ཆོག་ན།།

དགུང་ཁའི་ཉི་མ་ནུབ་དུས།།

གོ་ཁར་འཛོམས་ན་བསམ་གི །

གམ་དུ་བཞུགས་ན་སྙམ་གི །

མཛའ་བརྩེ་བརྟན་ན་འདོད་གི །

མཉམ་དུ་རྒས་ན་བསམ་གི །

ད་ལྟ་སྙིང་སྡུག་ལྷ་མོ།།

རླུང་དམར་འཚུབ་དུས་དྲན་གི །

ཁ་བ་འབབ་དུས་དྲན་གི །

སེམས་པ་འཁྱགས་དུས་དྲན་གི །

ད་རུང་དེ་ཡིས་མི་ཚད།།

གར་སོང་ས་ནས་དྲན་གི །

ཅི་སྒྲུབ་བར་ནས་དྲན་གི །

དྲན་ནས་བོར་རྒྱུ་མེད་གི །

དགུན་ཁའི་རླུང་ཆེན་གཡུགས་དུས།།

སྙིང་སྡུག་འཁྱག་འགྲོ་བསམ་གི །

དབྱར་ཁའི་ཚ་ཉིན་སླེབས་དུས།།

སྙིང་སྡུག་ངར་འགྲོ་བསམ་གི །

དབྱར་དགུན་སྟོན་དཔྱིད་མེད་ལ།།

ཁྱོད་ཀྱི་བདེ་ཐང་བསམས་ནས།།

སེམས་པ་སྡོད་ཐབས་མེད་གི །

སེམས་ཚེགས་འཇགས་ཐབས་མེད་གི །

འོན་ཀྱང་འདང་རེ་བརྒྱབ་ན།།

འཇིག་རྟེན་འཚོ་བའི་ནང་ན།།

ལྷད་མེད་དྭངས་གཙང་ཟེར་བའི།།

བརྩེ་བ་ཁྱོན་ནས་མི་འདུག །

གཡོ་སྒྱུའི་བསླུ་བ་མེད་པའི།།

རྣམ་དག་བརྩེ་དུང་ཟེར་བ།།

བརྩམས་སྒྲུང་ཁྲོད་ན་མ་གཏོགས།།

མི་ཡུལ་ཁམས་ན་མི་འདུག །

དེའི་ཕྱིར་བརྩེ་བའི་མེ་ཏོག །

མུན་པའི་སེམས་ལ་སྦས་ཏེ།།

ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས།།

བཞད་རྒྱུ་མེད་ན་སྙམ་སོང་།།

  • ལེ་ཚན་སྔོན་མ།:ནང་སེམས་ཀྱི་མདོ།
  • ལེ་ཚན་རྗེས་མ།:འཆར་སྣང་ཀུན་རྟོག་སྤྲུགས་པ།