ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2022-12-13
བློ་མཐུན་ཅང་ཙེ་རྨིན་དང་ཁོང་གི་གཉེན་ཉེ་རྣམས་ཀྱི་ཐུགས་འདུན་ལྟར། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་སྤྱི་ཚེས11ཉིན་འབྲི་ཆུ་རྒྱ་མཚོར་འབབ་ས་ནས་རྒྱ་མཚོ་རུ་གཏོར་བ་རེད།
ཏང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་དང་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཟླ་ཝང་ཡེ་ཕིང་སོགས་གཉེན་ཉེ་རྣམས་ཀྱིས་གདུང་ཐལ་རྒྱ་མཚོའི་ནང་གཏོར་བར་སྲུང་སྐྱེལ་ཞུས་ནས། བླ་ན་མེད་པའི་གུས་འདུད་དང་བརྗིད་ཉམས་ལྡན་པའི་རྣམ་པའི་ཐོག་ནས་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཡོངས་གྲགས་སུ་ཁས་ལེན་པའི་སྙན་གྲགས་ཆེན་པོ་ལྡན་པའི་འགོ་ཁྲིད་པ་ཁྱད་འཕགས་ཅན། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེབས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་དང་རྗེས་དྲན་ཚད་མེད་ཞུས་ཡོད་པ་རེད།
སྤྱི་ཚེས11ཉིན་གྱི་སྔ་དྲོར། བློ་མཐུན་ཅང་ཙེ་རྨིན་སྐུ་འཚོ་བཞུགས་སྐབས་དུས་ཡུན་རིང་པོར་ཕྱག་ལས་གནང་མྱོང་བའི་ཀྲུང་ནན་ཧའེ་རུ་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་ཡོད། ལའེ་ཧྥུ་ཚོགས་ཁང་དུ། རས་ཡོལ་དཀར་པོའི་ཐོག་བློ་མཐུན་ཅང་ཙེ་རྨིན་གྱི་ཚོན་ལྡན་སྐུ་བརྙན་བཀལ་ཡོད། སྐུ་བརྙན་གྱི་གཤམ་དུ་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་བླུགས་སྒམ་བསྒྲིགས་ཡོད་པ་དང་། དེའི་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཟླ་ཝང་ཡེ་ཕིང་གིས་ཁྱིམ་མི་ཡོངས་ལ་སྣེ་ཁྲིད་ནས་ཕུལ་བའི་མེ་ཏོག་སི་ར་དེ་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་བླུགས་སྒམ་མདུན་དུ་བསྒྲིགས་ཡོད་པ་དང་། གཞོགས་གཉིས་སུ་གཉེན་ཉེ་གཞན་དག་དང་འབྲེལ་ཡོད་ཕྱོགས་ཀྱིས་ཕུལ་བའི་མེ་ཏོག་ཕྲེང་བ་བཞག་ཡོད།
སྔ་དྲོའི་ཆུ་ཚོད8དང་སྐར་མ10པར་ཚའེ་ཆི་དང་འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་རྣམས་འདི་གར་ཕེབས་པ་དང་། ཀྲོང་ངེར་ལངས་ཏེ་ཡིད་ཤིན་ཏུ་སྐྱོ་བ་དང་རྗེས་དྲན་ཟབ་མོ་ཞུ་བའི་རྣམ་པའི་ཐོག་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་པ་རེད། དེ་རྗེས། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེས་ཁོང་གི་སྐུ་བརྙན་དང་གདུང་ཐལ་བླུགས་སྒམ། མེ་ཏོག་ཕྲེང་བ་བཅས་འཁྱེར་ནས་དལ་པོའི་ངང་ལའེ་ཧྥུ་ཚོགས་ཁང་ནས་ཕྱིར་ཐོན་ཡོད།
གདུང་འཁོར་ཀྲུང་ནན་ཧའེ་ནས་དལ་བུའི་ངང་ཕྱིར་བསྐྱོད་སྐབས། ཀྲུང་ནན་ཧའེ་རུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་རྣམས་གཅིག་རྗེས་གཉིས་མཐུད་ངང་བགྲོད་ལམ་གྱི་གཞོགས་གཉིས་སུ་ཡོང་བ་དང་། བྲང་ཁར་མེ་ཏོག་དཀར་པོ་བཏགས་ཤིང་རྣམ་འགྱུར་སྒམ་པོའི་ངང་བློ་མཐུན་ཅང་ཙེ་རྨིན་ལ་ཞལ་གྱེས་ཞུས་ཡོད།
བློ་མཐུན་ཅང་ཙེ་རྨིན་ནི་དངོས་གཙོ་རིང་ལུགས་པ་མཐར་ཕྱིན་པ་ཞིག་ཡིན། ཁོང་སྐུ་འཚོ་བཞུགས་སྐབས་ཁོང་གི་གདུང་ཐལ་འབྲི་ཆུ་དང་རྒྱ་མཚོའི་ནང་གཏོར་རྒྱུའི་ཐུགས་འདུན་བཞག་གནང་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས་སྐུ་ཚེ་ཧྲིལ་པོ་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ཕུལ་ཡོད།
གདུང་འཁོར་དལ་བུའི་ངང་གྲོང་འདབས་ནུབ་མའི་གནམ་གྲུ་ཐང་ལ་སླེབས་ཡོད། གསོམ་སྡོང་འཇམ་ཐིང་ངེར་གནས་ཤིང་རྒྱང་རིང་རི་བོ་ཁུ་སིམ་མེར་གནས། མཁའ་དམག་གི་དཔོན་དམག་རྣམས་ནས་རུ་སྟར་བསྒྲིགས་ཤིང་ཞྭ་མོ་ཕུད་དེ་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་སྲུང་སྐྱེལ་ཆེད་གཏོང་གནམ་གྲུར་སྐྱེལ་མ་ཞུས་ཡོད། ཆེད་གཏོང་གནམ་གྲུས་རྒྱལ་ས་པེ་ཅིང་གི་མཁའ་དབྱིངས་སུ་དལ་པོའི་ངང་བསྐོར་བ་ལན་གཅིག་བརྒྱབ་སྟེ། བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་དུ་ཐུགས་ནུས་ཡོད་རྒུ་བཏོན་སའི་གནས་འདི་ནས་ཞལ་གྱེས་ཞུས་ཡོད།
སྔ་དྲོའི་ཆུ་ཚོད11དང་སྐར་མ5པར་བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་སྲུང་སྐྱེལ་གྱི་ཆེད་གཏོང་གནམ་གྲུ་ཧྲང་ཧའེ་ཧུང་ཆའོ་གནམ་ཐང་དུ་འབྱོར་ཡོད། དེ་རྗེས་གདུང་ཐལ་དེ་གདུང་འཁོར་ཐོག་བཞག་ནས་ཝུའུ་སུང་དམག་དོན་གྲུ་ཁའི་ཕྱོགས་སུ་བསྐྱོད།
ཝུའུ་སུང་དམག་དོན་གྲུ་ཁར་རྒྱལ་དར་ཕྱེད་ཀ་ཕབ་ནས་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་། རས་གཞི་ནག་པོའི་འཕྲེད་འགེལ་སྦྱར་ཡིག་ཐོག་ཏུ“བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག”ཅེས་པ་དང་། “བློ་མཐུན་ཅང་ཙེ་རྨིན་དུས་ནམ་ཡང་ང་ཚོའི་སེམས་ཁོངས་སུ་གནས་ཡོད”ཅེས་པའི་ཡི་གེ་དཀར་པོ་བྲིས་ཡོད། མཚོ་དམག་གི་དཔོན་དམག་རྣམས་ཀྱིས་གྲལ་སྟར་བསྒྲིགས་ཤིང་ཞྭ་མོ་ཕུད་དེ་གུས་འདུད་ཞུས་པ་རེད། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེས་གདུང་ཐལ་བླུགས་སྒམ་པང་དུ་བསྣམས་ཏེ་གདུང་འཁོར་ནས་བབས་རྗེས། གདུང་ཐལ་དེ་གདུལ་ཐལ་འཇོག་སའི་སྒྲོག་རྩེའི་ཐོག་བཞག་པ་རེད། མྱ་ངན་ཞུ་བའི་རོལ་དབྱངས་ཀྱི་སྒྲ་དམའ་པོའི་ཁྲོད་དུ། སྐྱེལ་མ་ཞུ་མཁན་རྣམས་ཀྱིས་སྐྱོ་གདུང་ཆེན་པོའི་ངང་རུ་སྟར་བསྒྲིགས་ཏེ་ལངས་པ་དང་། གུས་འདུད་ཞུས་ཏེ་བློ་མཐུན་ཅང་ཙེ་རྨིན་ལ་མཇུག་མཐའི་ཞལ་གྱེས་ཞུས་པ་རེད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་དབྱང་ཀྲོའུ་དམག་གྲུས་རྒྱ་མཚོའི་ཐོག་སྒུག་ནས་བསྡད་ཡོད་པ་དང་། དམག་གྲུའི་སྟེང་གི་དཔོན་དམག་ཚོས་རུ་སྟར་འགྲིག་པོས་གཞོགས་གཉིས་སུ་ཀྲོང་ངེར་ལངས་ཡོད། དབྱང་ཀྲོའུ་ནི་བློ་མཐུན་ཅང་ཙེ་རྨིན་གྱི་འཁྲུངས་ཡུལ་རེད། དེ་རིང་། དབྱང་ཀྲོའུ་ཞེས་མིང་བཏགས་པའི་དམག་གྲུ་དེས་གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་འཇོག་མཁན་གྱི་ཕུལ་བྱུང་འགོ་ཁྲིད་པ་ཁོང་ལ་སྐྱེལ་མ་ཞུས་པ་རེད། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེས་གདུང་ཐལ་བསྣམས་ནས་དབྱང་ཀྲོའུ་དམག་གྲུའི་ཐོག་ཏུ་ཕེབས། མཚོ་དམག་གི་དུང་བརྡ་གྲགས་པ་དང་གཟབ་སྦྲེང་རུ་ཁག་གིས་མེ་མདའ་འཁྱེར་ནས་གུས་སྟབས་ཀྱིས་ལངས་ཏེ་གུས་ལུགས་མཚོན་པར་བྱས་པ་རེད། དབྱང་ཀྲོའུ་དམག་གྲུ་ཐོན་སྐབས། དམག་དོན་གྲུ་ཁའི་ནང་གི་དམག་གྲུ་ཡོད་ཚད་ཀྱིས་དུང་བརྡ་བཏང་ཡོད།
དབྱང་ཀྲོའུ་དམག་གྲུ་ལང་ལོང་དུ་འཕྱུར་བའི་འབྲི་ཆུའི་ཐོག་ནས་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ཕྱོགས་སུ་བསྐྱོད་པ་རེད། དམག་གྲུ་དལ་གྱིས་བསྐྱོད་ནས་བློ་མཐུན་ཅང་ཙེ་རྨིན་གྱིས་ལང་ཚོའི་ལོ་ཟླ་བརྒྱུད་མྱོང་བའི་ཧྲང་ཧའེ་དང་ཁ་བྲལ་བ་དང་། ཁོང་དུས་ཡུན་རིང་པོ་ཕྱག་ལས་དང་འབད་འཐབ་གནང་ས་དང་། ལེགས་སྐྱེས་འབུལ་སའི་ས་གཞི་དེ་ནས་ཁ་བྲལ་བ་ཡོད།
ཉིན་དགུང་གི་ཆུ་ཚོད12དང་སྐར་མ35ཡི་ཐོག། དབྱང་ཀྲོའུ་དམག་གྲུ་འབྲི་ཆུ་རྒྱ་མཚོར་འབབ་སའི་ཆུ་ཁོངས་སུ་འབྱོར་ཞིང་། དམག་གྲུའི་གྲུ་གཅལ་ཐོག་ཏུ་སྐྱེལ་མ་ཞུ་མཁན་རྣམས་ནས་གུས་སྟབས་ཀྱིས་ལངས་ནས་ངག་བསྡམས་མྱ་ངན་ཞུས་པ་རེད། ཆུ་བོ་དང་བར་སྣང་སྒམ་བརླིང་ཆེ་ཞིང་རྦ་རླབས་ལང་ལོང་དུ་འཕྱུར། ཚའེ་ཆི་དང་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཟླ་ཝང་ཡེ་ཕིང་སོགས་གཉེན་ཉེ་རྣམས་ཀྱི་སྤྱན་ལ་མཆི་ཞག་འཁོར་བ་དང་། སྐྱོ་གདུང་ཆེན་པོའི་ངང་། བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་དང་མེ་ཏོག་གི་འདབ་མ་མཉམ་དུ་མུ་མཐའ་མེད་པའི་རྒྱ་མཚོའི་ནང་དལ་གྱིས་གཏོར་བ་རེད།
འབྲི་ཆུ་ཤར་དུ་ལང་ལོང་དུ་རྒྱུག་ནས་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་བཞུར། ཀྲུང་ཧྭའི་ས་གཞི་ཆེན་མོའི་ལེ་དབར་ཁྲི་ཡི་རི་ཆུས་རླབས་ཆེན་མི་སྣ་ཞིག་གི་འོད་སྟོང་འབར་ཞིང་དམག་འཐབ་ཀྱི་དུས་རབས་གཅིག་གི་མི་ཚེར་བདེན་དཔང་བྱས་པ་དང་། ཕུལ་དུ་བྱུང་བའི་འགོ་ཁྲིད་པ་ཞིག་གི་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་དང་ཚེ་གང་འབད་འཐབ་གནང་བའི་བློ་སྟོབས་ཆེན་པོ་ཞིག་ནམ་ཡང་གནས་པར་བྱས་ཡོད།
འབྲི་ཆུ་ཤར་དུ་ལང་ལོང་དུ་རྒྱུག་ནས་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་བཞུར། དེ་རིང་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་དགེ་མཚན་ཁྲི་སྟོང་མང་པོ་ལྡན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་བརྗིད་ཉམས་ཆེ་བས། སྔོན་བྱོན་པ་རྣམས་ཀྱིས་ཕྱིར་མིག་གཟིགས་སྐབས་དགའ་སྤྲོ་སྐྱེ་སྲིད།
འབྲི་ཆུ་ཤར་དུ་ལང་ལོང་དུ་རྒྱུག་ནས་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་བཞུར། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན། བདེ་བར་གཤེགས་ཤིག བློ་མཐུན་ཅང་ཙེ་རྨིན་གྱི་མཚན་སྙན་དང་། མཛད་རྗེས། དགོངས་པ། ཉམས་འགྱུར་བཅས་དུས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འགོད་རྒྱུ་དང་མི་རབས་ནས་མི་རབས་བར་མི་དམངས་ཀྱི་སེམས་ནང་བརྟན་པོར་གནས་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10