དབྱངས་སྣ་ཚོགས་ཀྱི་གར་སྟབས།

ཐོར་བུ།        2022-12-13

ཡིད་འཛིན་མེ་ལོང་ངོས་སུ་ཁྱོད་ཀྱི་གཟུགས།།

ལྡམ་མེ་ལྡེམ་མེར་ཚུར་ཡོང་ཕར་ལ་འགྲོ།།

མཐོང་བའི་མོད་ལ་བདེ་བའི་དཔལ་སྟེར་མ།།

ལྷ་གཅིག་དབྱངས་ཅན་མ་ནི་མེ་ཏོག་བཞིན།།

བདེ་དགའི་ཏིང་འཛིན་ནགས་སུ་གླུ་ལེན་པའི།།

མགུར་མཁན་མི་ལ་རས་པའི་སྒོམ་ཐག་ནི།།

འཁོར་བའི་རླུང་གིས་སྐྱོམ་ཙམ་བྱེད་ན་འང་།།

ཡིད་ཀྱི་ཆུ་བོ་ཆོས་དབྱིངས་མཚོ་རུ་འདྲེས།།

དྲན་པའི་སྣེ་མོར་འཇུ་བའི་སྙན་ངག་གི།

མེ་ཕུང་སྙིང་གི་དབུས་སུ་འབར་བ་ན།།

སོར་མོའི་གར་གྱིས་དབྱངས་དང་གསལ་བྱེད་དག།

གྲོགས་སུ་ངང་གིས་འགུགས་པར་ངལ་བ་མེད།།

མི་ཚེའི་རླུང་འཚུབ་དབུས་ཀྱི་མར་མེ་དེ།།

ནམ་ཞིག་གཟིམ་མིན་སུས་ཀྱང་མི་ངེས་ཀྱང་།།

གསོན་ཚེར་སྙན་ངག་བུ་མོའི་བྲང་གཞུང་གི།

ཚོར་བའི་བྲང་སྐྱེ་འདི་ལ་ཡང་ཡང་རེག།

རབ་བརྗིད་ཁང་རྩེག་ནང་དུ་སྐྱིད་ཉལ་དང་།།

རབ་མཛེས་ན་ཆུང་བུ་མོའི་རྩེད་གྲོགས་དང་།།

རབ་སྟོབས་རྒྱུ་རྫས་བདག་པོར་མ་གྱུར་ཀྱང་།།

རབ་སྙན་ཚིག་གི་གླིང་བུ་ང་དང་འགྲོགས།།

བདག་འཛིན་མུན་པའི་འོབས་སུ་ལྷུངས་བའི་བདག།

བདག་མེད་ཤེས་རབ་རལ་གྲིར་དགའ་ན་ཡང་།།

བདག་འཛིན་ཤིན་ཏུ་སྟུག་པའི་ནགས་ཚལ་དུ།།

བདག་མེད་ཉི་འོད་མཐོང་བ་རབ་ཏུ་དཀའ།།

ཉི་མས་ཕྱིར་མིག་ལྟ་བཞིན་ཕར་ཕར་འགྲོ།།

གྲིབ་ནག་འཇབ་བཞིན་ག་ལེར་ཚུར་ཚུར་ཡོང་།།

ཚོར་བའི་རྟ་ཁྱུ་འདེད་པའི་སྙན་ངག་པས།།

སྨེང་གླུས་རི་ལུང་ཐང་གསུམ་སྒུལ་བར་བྱེད།།

ཟླ་བའི་གདོང་དུ་སྐྱོ་བའི་མཆི་མ་བཞུར།།

རྫ་རིའི་ཕྲག་པའི་སྟེང་དུ་སྤྱང་ཀི་ངུ་།།

སྒེའུ་ཁུང་འགྲམ་དུ་འགྲེང་བའི་བདག་གི་ཡིད།།

འཁོར་བའི་ན་སྤང་སྟེང་དུ་ཡར་མར་འདུར།།

ཕུ་ཆུའི་ངོགས་སུ་འཕྲད་ཙམ་བྱས་མྱོང་ཞིང་།།

རྐང་ལམ་སྟེང་ནས་ཐུག་ཙམ་བྱས་མྱོང་བའི།།

སྒེག་པའི་སྒྲོ་སྤུ་ཁུར་བའི་བུ་མོ་དེ།།

ཅུང་ཙམ་དྲན་ཡང་རྨི་ལམ་བཞིན་དུ་ཡལ།།

རིང་དུ་གྱེས་ཀྱང་དེ་ལ་ཉེ་རིང་མེད།།

ལོ་མང་འགོར་ཡང་དེ་ལ་ཨུ་གསར་མེད།།

གཞོན་ནས་རྒས་ཀྱང་དེ་ལ་འགྱུར་བ་མེད།།

ཕ་མའི་བརྩེ་བ་འདི་ལས་དཀོན་པ་མེད།།

རབ་དབེན་དགོན་པའི་རྒྱ་ཕིབས་འོད་དང་འདྲེས།།

རབ་སྐྱིད་གྲྭ་གཞོན་སེམས་པ་ཆོས་དང་བསྡེབས།།

རབ་མཛེས་གྲྭ་ཤག་ནང་དུ་རྒ་བཞིན་པའི།།

འཁོར་བར་ངེས་འབྱུང་སྐྱེ་བའི་མི་དེར་དད།།

ཁ་ནས་བཤད་ན་ཆོས་དང་ཆོས་ཞེས་ཟེར།།

ལག་ལེན་ཤ་ཟ་རྒྱུར་རྔམ་འཁོར་བར་ཆགས།།

གཏམ་དང་ལག་ལེན་འགལ་བའི་མི་གཟུགས་དག།

སངས་རྒྱས་གསོན་པོ་ཡིན་ཡང་དེར་མི་དགའ།།

གློག་ལས་མྱུར་ཞིག་ཐོག་ལས་རྐྱེན་པ་ཡི།།

ཚོར་བའི་མདའ་འདི་རྣོ་ཞིང་ངར་ན་ཡང་།།

ཇི་ལྟར་བྲིས་ཀྱང་འཛད་པ་མེད་པ་ཡིས།།

སྙན་ངག་ཆང་འདི་ག་ལེར་རོལ་ན་བསམ།།

རིག་བྱེད་ཚིག་གི་གླིང་བུའི་སྒྲ་དབྱངས་ཀྱིས།།

ཁྱོད་ལ་སྡོད་རོགས་ཉན་མིན་མི་ཤེས་མོད།།

ཚིག་འགའ་ཤར་མར་བྲིས་འདིར་མ་སུན་ན།།

སང་དང་གནངས་ལ་འདི་དང་འདི་བཞིན་འབུལ།།

  • ལེ་ཚན་སྔོན་མ།:ང་ཡི་འཇིག་རྟེན་སྐྱ་བོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།