མི་དམངས་དྲ་བ། 2022-12-12
སྤྱི་ཟླ12པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་ཟོན་སྒྲིག་གཞིའི་ཕྱོགས་བསྡུས་ཚོ་ཆུང་གིས《ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱ་ཐབས་སྔར་བས་ལེགས་སྒྱུར་དང་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་བཏོན་པའི་བྱ་ཐབས་གསར་པ་ཁག་བཅུ་གཤམ་གསལ།
གཅིག ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁུལ་དབྱེ་འབྱེད་གནད་འཁེལ་བྱ་དགོས།
ཐོག་ཁང་དང་། སྡེ་ཚན། ཐོག་ཁག། ཁྱིམ་དུད་བཅས་ལ་གཞིགས་ནས་ཉེན་ཁ་ཆེ་བའི་ས་ཁུལ་དབྱེ་འབྱེད་གཏན་འབེབས་བྱ་དགོས་པ་ལས། རང་དགར་སྡེ་ཁུལ་དང་། སྲང་ལམ(ཡུལ་ཤོག་དང་གྲོང་རྡལ)སོགས་ཀྱི་ས་ཁོངས་སུ་རྒྱ་སྐྱེད་གཏོང་མི་ཆོག། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་གནས་སྐབས་བཀག་སྡོམ་བྱེད་མི་ཆོག།
གཉིས། ཉིང་སྐྱུར་བརྟག་དཔྱད་སྔར་བས་ལེགས་སྒྱུར་བྱ་དགོས།
སྲིད་འཛིན་ས་ཁོངས་ལྟར་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་མི་བྱེད་པ་དང་། ཉིང་སྐྱུར་བརྟག་དཔྱད་ཁྱབ་ཁོངས་སྔར་བས་ཆུང་དུ་གཏོང་བ་དང་། ཐེངས་གྲངས་ཉུང་དུ་གཏང་དགོས། རིམས་འགོག་ལས་ཀའི་དགོས་མཁོར་གཞིགས་ནས་འགོག་རྒྱུ་བརྟག་དཔྱད་བྱེད་ཆོག།
ཉེན་ཁ་ཆེ་བའི་ལས་གནས་སུ་ལས་ཀ་བྱེད་མཁན་དང་ཉེན་ཁ་ཆེ་བའི་ཁུལ་གྱི་མི་སྣར་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། དེ་མིན་རྣམས་རང་འདོད་ལྟར་བརྟག་དཔྱད་བྱེད་ཆོག།
རྒན་གསོ་ཁང་དང་། ཕན་བདེ་ཁང་། སྨན་བཅོས་སྒྲིག་གཞི། བུ་བཅོལ་སྒྲིག་གཞི། སློབ་གྲྭ་འབྲིང་ཆུང་སོགས་དམིགས་བསལ་གྱི་བྱེད་སྒོ་སྤེལ་ཡུལ་ཕུད། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་དཔང་ཡིག་མཁོ་འདོན་བྱེད་མི་དགོས་ལ། བདེ་ཐང་ཨང་རྟགས་ལ་ཞིབ་དཔྱད་བརྟག་བཤེར་ཀྱང་བྱེད་མི་དགོས།
གལ་ཆེའི་ལས་ཁུངས་དང་། ཁེ་ལས་ཆེ་གྲས། དེ་བཞིན་དམིགས་བསལ་གྱི་ས་ཆ་ཁག་གིས་རང་ཁོངས་གཏོགས་ཀྱིས་རང་འགུལ་ངང་འགོག་ཟོན་བྱ་ཐབས་གཏན་འཁེལ་བྱེད་ཆོག།
ས་ཁུལ་ལས་བརྒལ་ནས་འགྲོ་འོང་བྱེད་མཁན་ལ་ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་དང་བདེ་ཐང་ཨང་རྟགས་ལ་ཞིབ་བཤེར་བྱེད་མི་དགོས་ལ། ས་གནས་སུ་སླེབས་ཀྱང་ཉིང་སྐྱུར་བརྟག་དཔྱད་བྱེད་མི་དགོས།
གསུམ། ལོགས་བཀར་བྱེད་སྟངས་ལེགས་སྒྱུར་བྱ་དགོས།
ནད་འགོས་མཁན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་བགོས་ནས་སྨན་བཅོས་བྱ་དགོས། ཁྱིམ་དུ་བསྡད་ནས་ལོགས་བཀར་བྱེད་པའི་ཆ་རྐྱེན་འཛོམས་པའི་ནད་ངོ་ཆོད་མེད་པའི་ནད་པ་དང་ནད་གཞི་ཡང་མོ་ཅན་ལ་སྤྱིར་བཏང་དུ་ཁྱིམ་དུ་བསྡད་ནས་སྨན་བཅོས་བྱེད་ཆོག་ལ། རང་མོས་སྒོས་གཅིག་བསྡུས་ཀྱིས་སྨན་བཅོས་བྱེད་འདོད་ནའང་ཆོག། ཁྱིམ་སྡོད་ལོགས་བཀར་བྱེད་རིང་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ནས། ལོགས་བཀར་བྱས་ནས་ཉིན6པ་དང7པར་བསྟུད་མར་ཉིང་སྐྱུར་བརྟག་དཔྱད་ཐེངས2ཀྱི་Ctཐང་གྲངས≥35ཡིན་ན་ལོགས་བཀག་ལས་གྲོལ་ཆོག། ནད་གཞི་ལྕི་མོ་འགྱུར་མཁན་དུས་ཐོག་ཏུ་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་སར་བསྐྱལ་དགོས།
ཁྱིམ་སྡོད་ལོགས་བཀར་ཆ་རྐྱེན་འཛོམས་པའི་འབྲེལ་འདྲིས་དམ་པོ་བྱེད་མཁན་གྱིས་ཉིན5རིང་ཁྱིམ་སྡོད་ལོགས་བཀར་བྱེད་ཆོག་ལ། རང་མོས་སྒོས་གཅིག་བསྡུས་ལོགས་བཀར་ཀྱང་བྱེད་ཆོག། ཉིན5པར་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་སུ་གྱུར་རྗེས་ལོགས་བཀར་ལས་གྲོལ་ཆོག།
བཞི། ཉེན་ཁ་ཆེ་བའི་ས་ཁུལ་དུ“མྱུར་བཀག་མྱུར་སྒྲོལ”དོན་འཁྱོལ་བྱ་དགོས།
ཉིན5བསྟུད་མར་ནད་པ་གསར་པ་བྱུང་མེད་ཚེ་ཉེན་ཁ་ཆེ་བའི་ས་ཁུལ་གྱི་བཀག་སྡོམ་དུས་ཐོག་ཏུ་མེད་པ་བཟོ་དགོས།
ལྔ། མང་ཚོགས་ཀྱི་མ་མཐའི་སྨན་ཉོ་བའི་དགོས་མཁོ་འགན་སྲུང་བྱ་དགོས།
ས་གནས་ཁག་གི་སྨན་ཚོང་ཁང་རྒྱུན་ལྡན་ངང་གཉེར་སྐྱོང་བྱ་དགོས་པ་ལས། གང་འདོད་དུ་སྒོ་རྒྱག་མི་ཆོག། མང་ཚོགས་ཀྱིས་དྲྭ་ཐོག་དང་དྲྭ་ཕྱི་ནས་ཚ་བ་གཅོག་པ་དང་། ལུ་སྨན། ནད་དུག་འགོག་སྨན། ཆམ་པའི་སྨན་སོགས་སྨན་ཐོ་མི་དགོས་པའི་སྨན་ཉོ་རྒྱུར་ཚོད་འཛིན་བྱེད་མི་ཆོག།
དྲུག། རྒན་རྒོན་ལ་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་བརྒྱག་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏང་དགོས།
ས་གནས་ཁག་གིས་འགོག་ཁབ་རྒྱག་དགོས་རིགས་ལ་བརྒྱག་དགོས་པའི་རྩ་དོན་མཐའ་འཁྱོངས་ནས། ལོ60ནས79བར་གྱི་མི་ཚོགས་ཀྱི་སྨན་ཁབ་རྒྱག་ཚད་མཐོ་རུ་གཏོང་བ་དང་། ལོ80ཡན་གྱི་མི་ཚོགས་ཀྱི་སྨན་ཁབ་རྒྱག་ཚད་མགྱོགས་པོར་བཏང་ནས་ཆེད་དོན་བཀོད་སྒྲིག་བྱ་དགོས།
རྒན་རྒོན་ལ་ཐོགས་མེད་བགྲོད་ལམ་དང་། གནས་སྐབས་ཀྱི་སྨན་ཁབ་རྒྱག་ས། འགྲོ་སྐྱོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་འཁོར་སྤྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་ལེགས་སུ་གཏང་དགོས།
རིམ་པ་རེ་རེ་བཞིན་དུ་སྨན་ཁབ་རྒྱག་པར་འཛེམ་དགོས་པའི་ཐག་གཅོད་རང་བཞིན་གྱི་གསོ་སྦྱོང་སྤེལ་ནས། སྨན་བཅོས་མི་སྣར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་ཁབ་བརྒྱག་དགོས་པའི་མཛུབ་སྟོན་བྱ་དགོས།
ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཞིབ་ཕྲ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་དང་། ས་གནས་ཁག་གིས་ལྕག་སྐུལ་གྱི་བྱ་ཐབས་སྤྱད་དེ་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་དགོས།
བདུན། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་གནས་ཚུལ་མཐིལ་རྟོགས་དང་རིགས་དབྱེ་དོ་དམ་ལ་ཤུགས་བརྒྱག་དགོས།
གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ཤེས་པ་དང་ཁྱིམ་ཚང་སྨན་པའི་བདེ་ཐང་སྲུང་མཁན་གྱི་ནུས་པ་བཏོན་ཏེ། མངའ་ཁོངས་ནང་གི་སྙིང་དང་ཀླད་རྩའི་ནད་དང་། གློ་འཚང་ནད། གཅིན་སྙིའི་ནད། མཁལ་གཅོང་གི་ནད། སྐྲན་ནད། རིམས་འགོག་ནུས་པ་ཞན་པའི་ནད་ཡོད་པའི་རྒན་རྒོན་དང་དེ་ཚོའི་ཏོག་གསར་ནད་དུག་འགོག་ཁབ་རྒྱག་པའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། རིམ་པ་དང་རིགས་བགོས་ནས་དོ་དམ་བྱ་དགོས།
བརྒྱད། སྤྱི་ཚོགས་རྒྱུན་ལྡན་དུ་འཁོར་སྐྱོད་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་འགན་སྲུང་བྱ་དགོས།
ཉེན་ཁ་ཆེ་བའི་ས་ཁུལ་མིན་ན་མི་འཁོར་རྒྱུག་ལ་ཚོད་འཛིན་བྱེད་མི་ཆོག་ལ། ལས་མཚམས་དང་ཐོན་སྐྱེད། ལས་གཉེར་བྱེད་མཚམས་འཇོག་མི་ཆོག། སྨན་དོན་མི་སྣ་དང་སྤྱི་བདེ། འགྲིམ་འགྲུལ་ཟོང་འགྲུལ། རང་འདེམས་ཚོང་ཁང་། མཁོ་རྫས་འགན་སྲུང་། ཆུ་གློག་རླངས་དྲོད་སོགས་མ་མཐའི་སྨན་བཅོས་ཞབས་ཞུ་དང་སྤྱི་ཚོགས་འཁོར་སྐྱོད་རྒྱུན་ལྡན་ ཡོང་བར་འགན་སྲུང་བྱེད་མཁན་མིང་ཐོ་དཀར་པོར་བཙུད་དེ་དོ་དམ་བྱ་དགོས། འབྲེལ་ཡོད་མི་སྣས་རང་ཉིད་འགོག་སྲུང་དང་། འགོག་ཁབ་རྒྱག་པ། བདེ་ཐང་བརྟག་བཤེར་ཡག་པོ་བྱས་ཏེ། རྒྱུན་ལྡན་སྨན་བཅོས་ཞབས་ཞུ་དང་མ་མཐའི་འཚོ་བའི་དངོས་རྫས། ཆུ་གློག་རླངས་དྲོད་སོགས་མཁོ་སྤྲོད་ཐུབ་པ་འགན་སྲུང་བྱེད་པ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་དང་ལས་ཀའི་སྒྲིག་ལམ་སྲུང་གང་ཐུབ་དང་། དུས་ཐོག་མང་ཚོགས་ཀྱིས་བཏོན་པའི་དཀའ་འཚུབ་སྐྱོ་རེའི་གནད་དོན་ཐག་གཅོད་བྱས་ཏེ། རིམས་ཚུལ་ཐག་གཅོད་དུས་རིམ་དུ་མང་ཚོགས་ཀྱི་མ་མཐའི་འཚོ་བའི་དགོས་མཁོ་བསྐང་དགོས།
དགུ། རིམས་ནད་དང་འབྲེལ་བའི་བདེ་འཇགས་འགན་སྲུང་ལ་ཤུགས་བརྒྱག་དགོས།
བྱེད་ཐབས་སྣ་ཚོགས་ཀྱིས་མེ་ཟོན་འགྲོ་ལམ་དང་ཚན་པའི་སྒོ། གཞིས་ཁུལ་གྱི་སྒོ་བཀག་མི་ཆོག། མང་ཚོགས་ཀྱིས་ནད་ལྟ་སྨན་བསྟེན་དང་ཉེན་ཡོལ་འཕྲལ་མ་བྱེད་པ་སོགས་ཀྱི་ཕྱིར་བསྐྱོད་འགྲོ་ལམ་ཐོགས་ཐུག་མེད་པར་ཁག་ཐེག་བྱ་དགོས། སྤྱི་ཁུལ་དང་ཆེད་དོན་སྨན་བཅོས་ལས་ཁུངས་བར་འབྲེལ་མཐུད་ལམ་སྲོལ་འཛུགས་པར་བསྐུལ་ཏེ། རྒན་རྒོན་ཁེར་རེ་མ་དང་སྐྱེ་བོ་ལོ་ན་མ་སོན་པ། སྦྲུམ་མ། དབང་སྐྱོན་མི་སྣ། དལ་ནད་ཕོག་མཁན་སོགས་ལ་ནད་ལྟ་སྨན་བསྟེན་སྟབས་བདེ་མོ་ཡོང་བ་བྱ་དགོས། བཙན་སྡོམ་མི་སྣ་དང་ནད་པ། ལས་ཡུལ་གྱི་ལས་སྒྲུབ་མི་སྣ་སོགས་ལ་སེམས་ཁུར་གཅེས་སྐྱོང་དང་སེམས་ཁམས་གསོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས།
བཅུ། སློབ་གྲྭའི་རིམས་ནད་འགོག་ཟོན་ལས་དོན་སྔར་བས་ལེགས་སྒྱུར་བྱ་དགོས།
ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཚན་རིག་དང་མཐུན་པའི་གནད་སྨིན་འགོག་ཟོན་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམས་ནད་མེད་པའི་སློབ་གྲྭས་རྒྱུན་གཏན་གྱི་དྲྭ་ཕྱི་སློབ་ཁྲིད་བྱེད་སྒོ་སྤེལ་བ་དང་སློབ་གྲྭའི་ནང་གི་སྒོ་རྩིས་ཚོང་ཁང་དང་། ཟ་ཁང་། ལུས་རྩལ་ཁང་དང་། དཔེ་མཛོད་ཁང་སོགས་རྒྱུན་གཏན་བཞིན་སྒོ་འབྱེད་དགོས། རིམས་ནད་ཡོད་པའི་སློབ་གྲྭས་ཉེན་ཁའི་ས་ཁོངས་གནད་འཁེལ་ངང་དབྱེ་འབྱེད་བྱེད་པ་དང་། ཉེན་ཁའི་ས་ཁོངས་ཕྱི་རོལ་དུ་སྔར་བཞིན་རྒྱུན་གཏན་གྱི་སློབ་ཁྲིད་དང་འཚོ་བ་སོགས་ཀྱི་སྒྲིག་ལམ་འགན་ལེན་བྱ་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10