བསྐྱར་འདོན་སློབ་མ།

ཁྲི་ཟླ་གཞོན།        2022-12-09

བསྐྱར་འདོན་སློབ་མ། མིང་འདིས་ང་ཚོ་ལ་སྦྱིན་པ་ནི་ངོ་ཚ་ཡིན་ལ་གཟི་བརྗིད་ཡིན། ནུས་མེད་ཡིན་ལ་བློ་སྤོབས་ཡིན། ཕམ་ཁ་ཡིན་ལ་རྒྱལ་ཁ་ཡིན། མཐོང་ཆུང་ཡིན་ལ་བརྩི་བཀུར་ཡིན། ན་ཟུག་ཡིན་ལ་སྤྲོ་སྣང་ཡིན། མིག་ཆུ་ཡིན་ལ་དགོད་སྒྲའང་ཡིན།

བསྐྱར་འདོན་སློབ་མ། ཐོས་བྱུང་ངམ། དུས་ཀྱི་ཅོང་བརྡ་རིང་མོས་ང་ཚོ་ལ་འབོད་བརྡ་གཏོང་བ་ཐོས་སམ། དམའ་འབེབས་དང་མཐོང་ཆུང་གི་མཆིལ་ཞགས་འཕེན་མཁན་ཚོས་ང་ཚོ་ལ་འཕྱ་སྨོད་བྱེད་པ་ཐོས་སམ། བག་ལ་ཞ་བའི་སྙིང་སྟོབས་དང་ཉམས་ཞན་དུ་གྱུར་བའི་སྤོབས་པ་ཕྱིར་ལ་བསྐྱེད་ཅིག། མི་ཁ་དང་ཟུར་ཟ་ཡི་ན་ཟུག་སེམས་སུ་སྒོམས་ཤིག། གཞན་གྱིས་ང་ཚོ་ལ་བྱིན་པ་ནི་སྡུག་བསྔལ་ཡིན། ངོ་ཚ་ཡིན། མཐོང་ཆུང་ཡིན། རེ་ཆད་ཡིན། འུ་ཐུག་ཡིན། མིག་ཆུ་ཡིན།

བསྐྱར་འདོན་སློབ་མ། འབད་ཅིག། བརྩོན་ཅིག། མཚན་མོའི་སྐར་ཚོགས་ཀྱི་མལ་ཆས་མཇུག་མཐར་གྱོན་མཁན་དེ་ང་ཚོ་ཡིན་དགོས་ལ། ཐོ་རེངས་སྐར་ཆེན་གྱི་གྲོགས་སུ་ཐོག་མར་ལངས་མཁན་དེ་ཡང་ང་ཚོ་ཡིན་འོས། ཚན་གསུམ་བཀྲེས་ལྟོགས་ཀྱི་ན་ཟུག་སེམས་སུ་སྒོམ་པའི་རྣལ་འབྱོར་བ་དེ་ང་ཚོ་ཡིན་དགོས་ལ། སློབ་རའི་གྲུ་ཟུར་རེ་རེ་ན་གྲང་ངར་བཟོད་ནས་ཁ་ལ་སེར་ཀ་གས་པ་དེ་དག་ཀྱང་ང་ཚོ་ཡིན་འོས།

བསྐྱར་འདོན་སློབ་མ། ཁྱོད་ཀྱི་རྒྱབ་ན་ཕ་མའི་རེ་བ་ཡོད། ཤ་ཉེ་རིང་གི་རེ་བ་ཡོད། དགེ་རྒན་གྱི་རེ་བ་ཡོད། གྲོགས་པོའི་རེ་བ་ཡོད། རང་གི་ལ་རྒྱ་ཡོད། ཕུགས་བསམ་ཞིག་གི་འཕག་འཚག་ཡོད། རྨི་ལམ་ཞིག་གི་ཁ་དོག་ཡོད། རྒྱང་རིང་ཞིག་གི་འཆར་གཞི་ཡོད། མདོར་ན། ཁྱོད་ཀྱིས་གདོང་གཏོད་དགོས་པ་དེ། ཚེར་གསེབ་ནས་འཕག་འཚག་རྒྱག་པ་ལྟ་བུའི་དོན་དངོས་ཡིན།

བསྐྱར་འདོན་སློབ་མ། སྐད་ཅིག་གི་བདེ་བར་ང་ཚོ་ཆགས་མི་སྲིད། ཏབ་ཅིག་གི་སྣང་བར་ང་ཚོ་གཡེང་མི་སྲིད། ཐང་ལ་འགྱེལ་བ་དེ་བདེན་དུ་མཆིས་མོད། ཐང་ནས་མི་ལངས་པ་དེ་ང་ཚོ་མིན། ཐོབ་འོས་པའི་རྨི་ལམ་དེའི་ཆེད་དུ། ང་ཚོས་གཙང་པོ་གྱེན་དུ་ལྡོག་པའི་ཐབས་ལམ་འཚོལ་དགོས། མེ་ལྕེ་ཐུར་དུ་འབར་བའི་གསར་གཏོད་བྱ་དགོས། མི་ཁའི་མདའ་མོ་ལྡོག་པའི་སྒྱུ་འཕྲུལ་སློབ་དགོས།

མཆིལ་ཞགས་དང་དུ་

ལེན་པའི་བཟོད་པ་བསྒོམ་དགོས།

བསྐྱར་འདོན་སློབ་མ། ང་ཚོའི་མགོ་ཐོག་གི་གནམ་ལྡིབ་པ་མིན་ལ། རྐང་འོག་གི་ས་གས་པ་ཡང་མིན། ང་ཚོའི་ལས་དབང་གི་སྐལ་ཆད་པ་མིན་ལ། མི་ཚེ་ཡི་མདོག་ཡལ་བའང་མིན། མ་འོངས་པའི་རང་ཅག་གི་བགྲོད་ལམ་ནི་སྔར་ལས་ཡངས་ཤིང་། མ་འོངས་པའི་རང་ཅག་གི་གཤོག་འགྱུར་ནི་སྔར་ལས་སྐྱེན། ཡོད་ཚད་དུས་ཚོད་ནས་མགོ་བརྩམས་ཏེ། མཇུག་མཐར་ཡང་དུས་ཚོད་ཀྱི་ཀློང་དུ་འཐིམས་དགོས་མོད། དུས་མདའི་བར་གྱི་གོ་རིམ་དེ་དག་ནི། ད་གཟོད་ང་ཚོ་ཁོ་ནར་དབང་བའི་ལོངས་སྤྱོད་ཀྱི་ནོར་རྫས་རྩ་ཆེན་དེ་ཡིན།

བསྐྱར་འདོན་སློབ་མ། ང་ཚོ་དགའ་འོས། བདེ་ཅོག་ཅོག་གི་མི་ཚེ་བགྲོད་ལམ་ཞིག་མ་བརྒྱུད་པར་ཀྱག་ཀྱོག་གི་མི་ཚེ་བགྲོད་ལམ་ཞིག་བརྒྱུད་པར་དགའ་འོས། ང་ཚོ་གཟི་བརྗིད་སྐྱེས་འོས། གཞན་གྱིས་མི་ནུས་པའི་ཕྱི་ནང་གི་འཚོ་བའི་གནོན་ཤུགས་ཐེག་པའི་བློ་སྤོབས་ཤིག་འཁྲུངས་པར་གཟི་བརྗིད་སྐྱེས་འོས། ང་ཚོ་སྤྲོ་འོས། འགྱེལ་ན་མི་ཞུམ་པར་སླར་ཡང་ལངས་ཐུབ་པའི་དཔའ་གདེང་ཞིག་ཐོབ་པར་སྤྲོ་འོས། ང་ཚོས་བཀའ་དྲིན་ཞུ་འོས། མ་ནོར་བའི་རང་གི་མི་ཚེ་གདམས་ཀ་དང་ཕུགས་བསམ་ལ་བཀའ་དྲིན་ཞུ་འོས། ང་ཚོས་ཡིད་ཆེས་བྱ་དགོས། དྲག་ཆར་གྱི་རྗེས་སུ་འཇའ་ཚོན་དང་སྨུག་པའི་རྗེས་ཀྱི་ཡུལ་ལྗོངས་དང་དེའི་གནས་པར་ཡིད་ཆེས་བྱ་དགོས།

བསྐྱར་འདོན་སློབ་མ། འོབས་སུ་ཐེངས་གཅིག་ལྷུང་ན་ཤེས་རབ་ཐེངས་གཅིག་འཕེལ་བའི་གནས་ལུགས་ཤེས་སམ། ཆེས་རྒྱལ་བར་དཀའ་བའི་དགྲ་བོ་ངོ་མ་དེ་རང་ཉིད་ཡིན་པའི་གནས་ལུགས་དེ་ཤེས་སམ། ཕྱིར་གཤོལ་བྱས་ན་མིར་སྐྱེས་ཀྱི་རིན་ཐང་ཤོར་བའི་གནས་ལུགས་ཤེས་སམ། འགྱེལ་ན་མི་ལངས་པའི་མི་དེ་བེམ་རོ་ཡིན་པའི་གནས་ལུགས་ཤེས་སམ། མི་ཚེ་ནི་ཐད་གཏོང་ཡིན་པ་ལས་བསྐྱར་གཏོང་མིན་པའི་གནས་ལུགས་དེ་ཤེས་སམ། ཕམ་ན་བག་འཁུམ་པའི་མི་དེ་ནི་སྡར་མ་ཡིན་པའི་གནས་ལུགས་དེ་ཤེས་སམ། མདོར་ན། དུས་རབས་འདིར་མཁོ་བ་ནི་ཞུམ་མེད་ཀྱི་མི་དག་ཡིན། ཡར་བརྩོན་གྱི་མི་དག་ཡིན། མགོ་བོ་མི་སྒུར་བའི་མི་དག་ཡིན། ལྡོག་སྟེ་མི་མཁོ་བའི་མི་དག་ནི་སྒྱིད་ལུག་དག་ཡིན། བག་འཁུམ་དག་ཡིན། སྡར་མ་དག་ཡིན། ཁ་ཕྱོགས་མེད་པ་དག་ཡིན། དོན་གྱིས་སྟོང་བ་དག་ཡིན། ཞབས་འདྲེན་དག་ཡིན།

བསྐྱར་འདོན་སློབ་མ། རྒྱལ་ཕམ་ནི་མི་ཚེ་ཁྲོད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ལས། ལས་དབང་དང་མི་ཚེ་ཡི་རིན་ཐང་ཐག་གཅོད་བྱེད་པའི་ཚད་གཞི་ག་ལ་ཡིན། ད་ལྟ་ང་ཚོ་ལ་མཁོ་བ་ནི་སྙིང་སྟོབས་ཡིན། འཆར་གཞི་ཡིན། དུས་ཚོད་ཡིན། ཕུགས་བསམ་ཡིན། གོ་སྐབས་ཡིན། རྒྱུན་འཁྱོངས་ཡིན། ང་ཚོས་རྟོགས་དགོས་པ་ནི་གསེར་རྒྱ་མ་གང་ལས་དུས་ཚོད་སྐར་མ་གཅིག་རིན་ཐང་ཆེ་བའི་གནས་ལུགས་དེ་ཡིན། ང་ཚོས་སྒྲིམ་དགོས་པ་ནི་རྒོད་པོ་གཟན་ལ་འདུར་དུས་ཀྱི་རྩེ་གཅིག་གི་རྣམ་རིག་དེ་ཡིན། ང་ཚོས་ཤེས་དགོས་པ་ནི་ལས་དབང་ལ་འཕོ་འགྱུར་གཏོང་བའི་རྒྱུགས་ཤོག་འདིའི་ངོས་ཀྱི་དྲི་གཞི་དག་ཡིན། རྒྱུ་མཚན་དེའི་ཕྱིར། མིག་མདུན་གྱི་དུས་ཚོད་འདི་དམ་དུ་ཟུངས་ལ་གཟིམས་མེད་ཀྱི། ཞུམ་མེད་ཀྱི། ཡལ་མེད་ཀྱི། ཕམ་མེད་ཀྱི། ཉམས་མེད་ཀྱི། ཡིད་ཆེས་ཀྱི་བརྩོན་པ་དེ་བསྐྱེད་ཅིག། བློ་སྤོབས་དེ་བསྐྱེད་ཅིག།

བསྐྱར་འདོན་སློབ་མ། བདག་དང་ལས་མཐུན་གྱི། བདག་གི་སྙིང་ཉེ་བའི། བདག་དང་ལམ་གཅིག་པའི། བདག་གི་རིགས་མཐུན་གྱི། བདག་དང་རེ་བཞག་གཅིག་པའི་གྲོགས་པོའི་ཚོམས་ཏེ། བསྐྱར་འདོན་སློབ་མ། མཐོ་རྒྱུགས་ཀྱི་སྐབས་སུ། ཁྱོད་ཀྱི་ཡོད་ཚད་འོད་སྣང་གིས་ཁེངས་བར་སྨོན། ཁྱོད་ཀྱི་ལང་ཚོ་གཟི་དཔལ་གྱིས་ཕྱུག་པར་སྨོན། ཁྱོད་ཀྱི་མདུན་ལམ་རེ་བ་ཡིས་གཏམས་པར་སྨོན། ཁྱོད་གྱི་ཕུགས་བསམ་མངོན་འགྱུར་དུ་ཡོང་བར་སྨོན། 

  • ལེ་ཚན་སྔོན་མ།:དབྱངས་གསལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།