ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

    མི་དམངས་དྲ་བ།    2022-12-21

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཆང་བཅས་ཀྱིས་གསུང་བཤད་གལ་ཆེན་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ།


   སྤྱི་ཟླ12ཚེས15དང16ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལི་ཁེ་ཆང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

   ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་། 2022ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2023ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་ཡོད། ལི་ཁེ་ཆང་གིས་སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ་དང་། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།

   ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་ཞུན་བརྡར་མདུན་སྐྱོད་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེར་གཏོང་། སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་ལ་ཁ་གཏད་འཇལ་བ། འཕེལ་རྒྱས་ཀྱི་སྤུས་ཚད་གོམ་སྟབས་བརྟན་པོས་མཐོར་གཏོང་། ཚན་རྩལ་གསར་གཏོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་པ། ལས་ཞུགས་དང་ཟོག་གོང་གཞི་རྩའི་ཆ་ནས་བརྟན་པོ། འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུ་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་འགན་ལེན་ནུས་ལྡན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས།

   ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པོ་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་དང་ཟུང་འབྲེལ་ནུས་ལྡན་བྱེད་པ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ཐག་གཅོད་ནུས་ལྡན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་དགོས།

   ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སང་ལོར་བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། གཞི་ཆེའི་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཁག་ལ་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

   ཚོགས་འདུའི་ཐོག་བསྟན་དོན། སང་ལོའི་དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་ཏེ། སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ་བྱ་རྒྱུ་ནས་འགོ་བཙུགས་ཏེ་གོ་རིམ་ལྡན་པའི་ངང་ལས་དོན་ཡག་པོ་སྒྲུབ་དགོས་ཏེ།

   གཅིག་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་དམིགས་བསལ་གནས་བབ་ཏུ་འཇོག་དགོས། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་དང་། སྡོད་ཁང་ལེགས་བཅོས་དང་། ནུས་རྒྱུ་གསར་པའི་རླངས་འཁོར། རྒན་གསོའི་ཞབས་ཞུ་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་མ་འཇོག་དང་སྲིད་ཇུས་ཀྱི་ལྕག་སྐུལ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལ་སྣེ་ཁྲིད་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”ལས་གྲྭ་གལ་ཆེན་མགྱོགས་མྱུར་ལག་བསྟར་བྱས་ཏེ་ས་ཁོངས་དབར་གྱི་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱག་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་དང་མཐུན་པའི་རྣམ་གྲངས་གལ་ཆེན་ལ་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་བ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་དང་ཞན་ཆ་སེལ་བའི་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། ཕྱིར་གཏོང་གིས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། སྔོན་ཐོན་ལག་རྩལ་དང་། སྒྲིག་ཆས་གལ་ཆེན། ནུས་རྒྱུའི་ཐོན་ཁུངས་སོགས་ཀྱི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་དགོས།

   གཉིས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་ལ་དམིགས་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་ལྷུ་ལག་གི་ཞན་ཆའི་ལྷུ་ཚིགས་གནད་སྨིན་ངང་འཚོལ་ཞིབ་བྱེད་པ་དང་། སྤུས་ལེགས་ཐོན་ཁུངས་གཅིག་སྡུད་ཀྱིས་མཉམ་དུ་འགག་སྒྲོལ་བྱེད་པ། ཐོན་ལས་མ་ལག་རང་བརྟེན་ཚོད་འཛིན་དང་བདེ་འཇགས་བློས་འཁེལ་འགན་ལེན་བཅས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་དགོས། ནུས་རྒྱུ་གལ་ཆེན་དང་གཏེར་རྫས་ཐོན་ཁུངས་རྒྱལ་ནང་དུ་རྩད་ཞིབ་གསར་སྤེལ་དང་གསོག་ཐོན་གཉིས་འཕར་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པའི་མ་ལག་འཆར་འགོད་དང་སྐྲུན་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་རྫས་གྲབས་གསོག་གི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་དགོས། གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་ཁྲོད་ཀྱི་སྲོལ་རྒྱུན་ཐོན་ལས་ཀྱི་གནས་བབ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས། ནུས་རྒྱུ་གསར་པ་དང་། མི་ཐབས་རིག་ནུས། སྐྱེ་དངོས་བཟོ་སྐྲུན། ལྗང་མདོག་ཐཱན་ཉུང་། ཚད་རྡུལ་རྩིས་རྒྱག་སོགས་ལག་རྩལ་གསར་ཤོས་ཞིབ་སྤེལ་དང་ཉེར་སྤྱོད་ཁྱབ་གདལ་མགྱོགས་སུ་གཏོང་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་འདོམས་ཆུ་ཚད་མཐོ་རུ་བཏང་ནས། ལས་སྟེགས་ཁེ་ལས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ལས་ཞུགས་གསར་གཏོད། རྒྱལ་སྤྱིའི་འགྲན་རྩོད་བཅས་ཁྲོད་ནུས་པ་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་གྲུབ་ཆ་དང་ཁྱབ་ཚུལ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ནས་ཁྱབ་ཁོངས་གསར་པ་གཏོད་ཕོད་པ་དང་འགྲན་ལམ་གསར་པར་རྒྱལ་ཁ་ལེན་ཕོད་པ་བྱེད་དགོས།

   གསུམ་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས། སྤྱི་ཚོགས་ཐོག་ང་ཚོས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་མིན་ཐད་ཀྱི་ཡང་མ་དག་པའི་གཏམ་གླེང་ལ་དམིགས་ཏེ། ངེས་པར་དུ་རྣམ་འགྱུར་གསལ་པོ་འཛིན་དགོས་པ་ལས་ཟ་རི་ཟི་རི་གཏན་ནས་བྱེད་མི་རུང་། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། རིགས་དབྱེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་གྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞུང་ཁོངས་ཁེ་ལས་ཀྱི་དེང་རབས་ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་ར་ཅན་གྱི་ལམ་སྲོལ་ལྟར་གཉེར་སྐྱོང་དངོས་འབྲེལ་ཐུབ་པ་བྱེད་དགོས། ལམ་ལུགས་དང་བཅའ་ཁྲིམས་ཀྱི་ཐོག་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྲིད་ཇུས་དང་གླེང་ཕྱོགས་ཀྱི་ཐོག་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་མཁས་ཅན་གྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ལ་དཀའ་གནད་སེལ་རོགས་དང་བྱ་བ་དངོས་བསྒྲུབས་ནས་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས།

   བཞི་ནས་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་དང་བེད་སྤྱོད་གཏོང་ཤུགས་དེ་བས་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲོམ་རའི་འཇུག་འཐུས་རྒྱ་སྐྱེད་བཏང་སྟེ་དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་མ་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཀྱི་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱས་ནས། ཕྱི་ཕྱོགས་མ་དངུལ་ཁེ་ལས་ཀྱིས་ཁྲིམས་ལྟར་འདྲ་མཉམ་ངང་སྲིད་གཞུང་གི་ཉོ་སྒྲུབ་དང་། འོས་སྐུལ་འོས་དཔོད། ཚད་གཞི་བཟོ་བ་བཅས་ནང་ཞུགས་པའི་འགན་ལེན་བྱས་ཏེ་ཤེས་བྱའི་བདག་དབང་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་པོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་དང་གྲངས་འཛིན་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་སོགས་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། རང་འགུལ་ངང་འབྲེལ་ཡོད་སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་བཅས་དང་བསྡུར་ཏེ་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པ་ཀྲུང་གོར་ཚོང་དོན་མ་འཇོག་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་རྒྱུར་སྟབས་བདེ་བསྐྲུན་ནས་ཕྱི་ཕྱོགས་མ་དངུལ་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

   ལྔ་ནས་དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་ནུས་ལྡན་ངང་འགོག་ཟོན་དང་སེལ་ཐབས་བྱེད་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་ཁང་པ་རྩིས་སྤྲོད་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ལས་རིགས་ཀྱིས་ལུགས་མཐུན་ངང་མ་དངུལ་བསྡུ་སྒྲིལ་བྱེད་པའི་དགོས་མཁོ་སྐོང་བ། ལས་རིགས་བསྐྱར་སྒྲིག་ཉོ་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་ཀྱི་སྣེ་འདྲེན་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། མ་རྩ་བུན་ཟུག་གི་གནས་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་པ་དང་དུས་མཚུངས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། མཁོ་གལ་ཆེ་བ་དང་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། གྲོང་མི་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་འཛུགས་སྐྲུན་ལ་འཚོལ་ཞིབ་བཅས་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་ཉོ་ཚོང་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པར་བརྟན་པོའི་ངང་བར་བརྒལ་ཐུབ་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱས་ཏེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པ་བྱེད་དགོས། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱས་ནས་འཕར་འབོར་བཀག་འགོག་དང་གསོག་འབོར་མཐའ་གཅིག་ཏུ་སེལ་དགོས།

   ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་ཞུམ་མེད་མདུན་སྐྱོད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

  • ལེ་ཚན་སྔོན་མ།:ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་2པ་རྒྱག་ཐབས་ཡོངས་བསྒྲགས་བྱས་འདུག
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་རྒྱས་འཛོམས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།