བརྩེ་བའི་ལམ་གྲོགས།

སྒོ་སྤྲེལ་ངེས་དོན།        2022-12-21

ངའི་རྨི་ལམ་གྱི་མཁའ་དབྱིངས་ན་འཛུམ་མདངས་ཀྱི་ལེར་བཞད་པའི་མེ་ཏོག་གི་ཚོམ་བུ།ཁྱེད་ཚོ་ནི་དཔྱིད་ཆར་གྱིས་བརླན་ཞིང་དབྱར་དྲུག་པའི་ཁུག་སོ་དག་ན།ཕྱི་ཤུན་བརྟོལ་བའི་བཀྲག་མདངས་རྒྱས་ལ་ཆེས་སྡུག་གུར་བཀྲ་བས་ངའི་ཚེ་སྲོག་དང་ལང་ཚོ།ཡོད་ཚད་ཀྱི་དཔུང་རོགས་ཡིན།སློབ་གྲོགས་ལགས།ཁྱེད་ཚོ་ནི་བདག་གི་འཛུམ་ཡིན།

ངའི་ངག་གི་གདངས་དབྱངས་ལ་བསྐྱོན་པའི་སྐད་ཆའི་ལང་ཚོ་རྣལ་མ་དག། ཁྱེད་ཚོ་ནི་གླུ་གཞས་གསེང་མཐོར་གྱེར་ཞིང་། སྙིང་གཏམ་ལྷུག་པོར་བསྙད་ལ། དགོད་སྒྲ་དང་སྙན་ངག་གི་བང་རིམ་ན་མཆེད་པའི་དཔུང་ཁྱུ་གཤར་མ་དེ་ཡིན། སློབ་གྲོགས་ལགས། ཁྱེད་ཚོ་བདག་གི་སྲོག་ཡིན།

ངའི་ལས་དབང་གི་རྒྱ་ཁྱོན་དུ་ཆེས་སྙིང་དུ་སྡུག་ཅིང་།ལྷད་མེད་ཀྱི་བརྩེ་བར་འདྲིས་པའི་བྱེའུ་ཁྱུ་ཞིག། ཁྱེད་ཚོ་ནི་གསེར་གྱི་རྨི་ལམ་ལ་རེ་བའི་འཇའ་ཚོན་བསྒོས་ཤིང་ཨ་སྔོན་དབྱིངས་སུ་འཕུར་ལྡིང་གི་གཤོག་གར་རྩེན་པའི་དཔུང་རྡང་དེ་ཡིན།སློབ་གྲོགས་ལགས། ཁྱེད་ཚོ་བདག་གི་མིག་ཡིན།

ངའི་ཕུགས་འདུན་གྱི་སྲུབས་ཀ་ན་ཆེམ་ཆེམ་དུ་འཕྲོ་ཞིང་།འགྲུལ་བཞུད་ཀྱི་བཤུལ་ལམ་ན་འཚེར་ཞིང་རྒྱལ་ཁའི་རྟེན་ཕུར་དག། ཁྱེད་ཚོ་ནི་མདུན་སྐྱོད་ཀྱི་གོམ་ཁ་གྲལ་ལ་སྙེགས་ཤིང་མཐུན་སྒྲིལ་གྱི་མུ་ཁྱུད་དམ་དུ་སྦྲེལ་བའི་དཔུང་ཚོགས་ཤིག། སློབ་གྲོགས་ལགས།ཁྱེད་ཚོ་བདག་གི་སྙིང་ཡིན།

སློབ་གྲོགས་ལགས། ང་ཚོ་ཉི་ཟེར་གྱི་མཛེས་སྡུག་གྱོན་པའི་གསེར་གྱི་གླིང་ག་དང་། ཟླ་འོད་ཀྱི་འཛུམ་བག་མནབས་པའི་དངུལ་གྱི་གཞིས་ཁྱིམ་མམ། རྣམ་ཤེས་ཁྲི་ཕྲག་ལ་ཤེས་བྱའི་མངར་བཅུད་བྱུགས་སའི་སློབ་གླིང་འདི་ནས་ལྕམ་སྲིང་མ་ཡིན་པའི་ལྕམ་སྲིང་དང་། ཕུ་ནུ་མ་ཡིན་པའི་ཕུ་ནུའི་ཞེ་འདང་བརྩེ་འདང་ཉེ་འདང་གི་འཚོ་བའི་རླུང་གཡོར་རེ་རེར་དགའ་སྐྱོ་འདྲེས་མའི་ལེའུ་རྨད་དུ་བྲིས་ཡོད་ལ།སྐྱིད་གླུ་གར་མཉམ་འཁྲབ་དང་།སྡུག་མཆི་མ་མཉམ་བཞུར་བྱས་ནས།ཀྱག་ཀྱོག་གི་ལས་དབང་ལ་ནམ་ཡང་དཔའ་མ་ཞུམ་པར་མདུན་སྐྱོད་ཀྱི་རྡོག་སྒྲ་གསོན་པོ་ཞིག་གཏན་དུ་སྙིང་འཛེར་བརྒྱབ་ཡོད་ཅིང་རེ་བའི་ཉི་གཉོན་གྱི་མདངས་ལ་ཆས།

སློབ་སྤུན་ཚོ།

ཁ་བྲལ་དུས་ངའི་མིག་ཆུའི་སྟེང་གི་འོད་མདངས་ཡིན།སླར་འཛོམས་དུས་ངའི་སོ་ཕྲེང་བར་གྱི་འཛུམ་མདངས་ཡིན།ངའི་གླེགས་བམ་གྱི་དབུས་སུ་གསལ་བ་ཁྱོད་ཚོ་ཡིན་ལ།ངའི་མིག་ཀོང་ན་ལམ་ལམ་དུ་འཚེར་བའང་ཁྱེད་ཅག་གི་བཞད་སྒྲ་ཁོ་ནའོ།།

དེའི་ཕྱིར།ཁྱེད་ཚོ་ནི་དུས་གཏན་དུ་ངའི་ཕུགས་བསམ་གྱི་མངལ་དུ་སྦྲུམ་པའི་ཆོད་སེམས་ཀྱི་དཔའ་བོའི་རི་དཔུང་དེ་ཡིན་ལ།ཇི་སྲིད་མ་སྟོང་བར་དུ།ང་དང་ཁྱེད་ཚོའི་བརྩེ་བ་ཡི་དམ་ལྷ་ལ་བཅོལ་ཞིང་དམ་ཚིག་མི་འགྱུར་བྲག་སྙིང་ལ་བརྡབས་ཡོད།

  • ལེ་ཚན་སྔོན་མ།:དབྱངས་རྟ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།