སི་ཁྲོན་ཞིང་ཆེན་གྱིས་བོད་འབྲེལ་ས་ཁུལ་དུ“སྤེལ་བ་བཞིའི”བྱེད་སྒོ་སྤེལ་འགོ་བཙུགས།

ཐུབ་ཀྱིས་བསྒྱུར།        2022-12-21

སྤྱི་ཟླ12པའི་ཚེས14ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་གངས་དཀར་ཐང་ཆེན་དུ་འཁྲུག་ཆ་ཤིན་ཏུ་ཆེ་བ་སྟེ། གཞི་རིམ་སྒྲོག་འགྲེལ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བཤད་པ་དང་། བཅའ་ཁྲིམས་འདྲི་རྩད་སྟེགས་བུར་ཆེད་རམས་པ་ཚོས་མི་སེར་གྱི་ཁྲིམས་ལུགས་སྐོར་དང་འབྲེལ་བའི་དོགས་ཡོད་གནད་དོན་ལ་ལན་ཞིབ་ཕྲ་རྒྱག་བཞིན་ཡོད་ལ། ཡིག་གཟུགས་མཁན་པོས་ལུགས་རྙིང་ལོ་གསར་གྱི་ཆ་ཡིག་འབྲི་བཞིན་མཆིས། ཉིན་དེར་སི་ཁྲོན་བོད་འབྲེལ་ས་ཁུལ་ལ་སྲིད་ཇུས་སྒྲོག་འགྲེལ་དང་རིག་གནས་སྤེལ་བ། བཅའ་ཁྲིམས་བསྒྲགས་པ་དང་། དྲོད་ཁོལ་སྦྱིན་པའི་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་ཅུན་མིང་བྱེད་སྒོ་ཞུགས་ཤིང་སྐུལ་སློང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བྱེད་སྒོར་ཞུགས་ནས་ཁས་ལེན་གསུང་བཤད་གནང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོ་འདི་བོད་ཀྱི་ལོ་སར་མ་རྫོགས་བར་དུ་དུས་ཡུན་ཟླ་བ3ཙམ་གྱི་རིང་ལ་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་རིང་ལ་འབྲེལ་ཡོད་ཕྱོགས་ཀྱིས་རང་རེའི་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་དུ་གཅིག་བསྡུས་ངང་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་རྒྱུ་རེད། གཅིག་བསྡུས་སྒྲོག་འགྲེལ་དང་རྟ་ཐོག་སྒྲོག་འགྲེལ། ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ་སྒྲོག་འགྲེལ་སོགས་བྱེད་ཐབས་སྣ་མང་སྤྱད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་བསྒྲགས་ནས་ཚང་མས་གོ་བ་ལེན་པ་བྱ་རྒྱུ་དང་། ལུགས་རྙིང་ལོ་སར་དང་བོད་ལོ་སར་དང་འབྲེལ་བའི་དམངས་སྲོལ་བྱེད་སྒོ་དང་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ལྔ་ཆེ་རུ་གཏོང་ཞིང་། སེམས་མཐུན་ཁྲིམས་རྩོད་པའི་ཞབས་ཞུའི་ཚོགས་པ་དང་འབྲེལ་བ་བྱས་ནས་གྱོད་གཞི་དཔེར་མཚོན་དུ་བཀོད་དེ་ཁྲིམས་ལུགས་བཤད་པ་སོགས་ཁྲིམས་སྦྱོང་ཁྲིམས་སྤེལ་བྱེད་སྒོ་སྤེལ་རྒྱུ། དམངས་འཚོ་ལེགས་བཅོས་དང་འགན་སྲུང་ལ་དམིགས་ནས་དྲོད་ཁོལ་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་རིམ་པ་མང་ལ་ཕུན་སུམ་ཚོགས་པ་སྤེལ་བ་དང་། མ་མཐའི་འཚོ་རྟེན་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་ལྟ་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། དུས་ཐོག་དུ་མང་ཚོགས་ཀྱི་དཀའ་ཉེན་བསལ་ཞིང་རེ་མཁོ་བསྐང་བ་དང་། སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་ཁ་དང་སྤྱི་ཟླ6པའི་ཚེས10ཉིན་ལ་འབར་ཁམས་སུ་ས་འགུལ་བྱུང་བའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱས་ནས་ཡག་པོ་བསྒྲུབས་ཏེ་ཚང་མས་དགུན་ཡག་པོ་བརྒལ་ཐུབ་པ་དང་དུས་ཆེན་ཡག་པོ་རོལ་ཐུབ་པ་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་དུ་སྒོར་བྱེ་བ8ལྷག་གི་ཟོང་འགྲུལ་གླིང་ཁུལ་བཙུགས་ཡོད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་ཧོར་རྙིང་ཡུལ་ཤོག་གིས་རྩྭ་ཐང་སྲུང་སྐྱོང་དང་མེ་ཟོན་ནན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།