བརྩེ་བ་གཡུང་དྲུང་མ།

དབུ་འཇིགས་མེད།        2022-12-16

བརྩེ་བའི་དབུ་ཁྱུད་དྭངས་མ།།

སྒྱུ་འཕྲུལ་ལྷ་མོར་བཞེངས་པ།།

གཉུག་སེམས་ཁ་བ་དཀར་པོ།།

མཛེས་པའི་གཡུ་ཆུང་ཕྱོགས་སུ།།

རིམ་བཞིན་ལྷོད་ཀྱིས་ཆགས་པ།།

སྣང་སྟོང་འཁོར་བའི་ངོགས་སུ།།

བརྩེ་བའི་འོད་ཟེར་འཕྲོས་པ།།

འཇའ་ཚོན་མཛེས་པའི་ལྷ་མོ།།

སེམས་ཀྱི་ཀློང་ན་བཞུགས་པ།།

འཁོར་བའི་ཕྱི་ནང་ཡིན་སྲིད།།

དབྱིངས་ལ་མཛེས་པའི་ཉི་ཟླ།།

བརྩེ་བའི་གཡུང་དྲུང་ཆགས་པ།།

འགྱུར་མེད་རྡོ་རྗེ་བྲག་དཀར།།

ཡིད་ཀྱི་དབུས་སུ་བཞེངས་པ།།

དམ་ཚིག་མགུར་མའི་ཨ་ལོང་།།

བརྩེ་བ་སྤྲིན་དཀར་གཡས་འཁོར།།

འཁྱིལ་ས་ཨ་སྔོན་དབྱིངས་ཡིན།།

མཛེས་སེ་གཡུ་ཆུང་དཀར་མོ།།

ནམ་མཁའི་དབྱིངས་ཀྱི་ལྷ་ཡིན།།

སེམས་ཉིད་ཆགས་སའི་གཞི་ཡིན།།

ཚིག་ལ་འདྲེན་པའི་འདང་མགུར།།

ལས་འཕྲོ་དཀར་མོར་བཞེངས་པ།།

ཁ་བའི་འདབ་བརྒྱད་དབུས་སུ།།

ཞལ་གཟུགས་ཡིད་ལ་སྒོམ་བཞིན།།

དྲན་པའི་སྨུག་ཆེན་འཐིབ་པ།།

འཁོར་བའི་ཐང་ཆེན་བརྒལ་ན།།

བརྩེ་བའི་ཕོ་བྲང་བཞེངས་སྲིད།།

སྣང་བའི་གངས་དཀར་ངོགས་སུ།།

ཉི་ཟླའི་བྱིན་རླབས་འཁོར་ཡོད།།

བརྩེ་བའི་དངོས་གྲུབ་ཆགས་ཡོད།

འདང་བརྩེ་འགྱུར་མེད་ནམ་མཁའ།།

བཞེངས་ས་བརྩེ་བའི་གཡུ་དཀར།།

མཛེས་སྡུག་འོད་སྟོང་འཕྲོས་པ།།

ལས་ཀྱི་དབྱངས་དཀར་ལྷ་མོ།།

སེམས་པའི་སྟེང་དུ་འཕྲོད་ཡོད།།

  • ལེ་ཚན་སྔོན་མ།:དབྱངས་སྣ་ཚོགས་ཀྱི་གར་སྟབས།
  • ལེ་ཚན་རྗེས་མ།:བྱམས་དུང་གི་གླུ།