ཏོག་གསར་རིམས་ནད་འགོས་རྗེས་ཅི་ཞིག་བྱ་དགོས་ཐད་ལན་བསྐྱོན་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-14

ཏོག་གསར་རིམས་ནད་འགོས་རྗེས་ཅི་ཞིག་བྱ་དགོས་ཐད་ལན་བསྐྱོན་འདུག

 

       སྤྱི་ཟླ་12པའི་ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་སྒྲིག་གཞིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྨན་བཅོས་ཞབས་ཞུས་འགན་ལེན་བྱ་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

       མིག་སྔར་རྒྱལ་ཡོངས་སུ་ནད་གཞི་ལྕི་བའི་ནད་པའི་ཉལ་ཁྲི་ཁྲི་13.81ཡོད་པའི་ནང་རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞིའི་ནད་ལྕིའི་ཉལ་ཁྲི་ཁྲི་10.65ཡོད་པ་དང་། ནད་ལྕིའི་ནད་པ་ཁྲི་བཅུ་རེར་ཉལ་ཁྲི་ཁྲི་བཅུ་ལ་ཉེ་བ་ཡོད། ནད་གཞི་ལྕི་བའི་ཐད་ཀྱི་གསོ་རིག་སྨན་པ་བསྡོམས་འབོར་ཁྲི་8.05ཟིན་པ་དང་ICUརུ་བསྒྱུར་ཐུབ་པའི་རྗེས་འཛིན་སྨན་པ་ཁྲི་10.6ཟིན་པ། ནད་གཞི་ལྕི་བའི་ཆེད་ལས་ཀྱི་སྨན་གཡོག་ཁྲི་22ཟིན་པ། གཞན་ཡང་ICUརུ་བསྒྱུར་ཐུབ་པའི་སྨན་གཡོག་ཁྲི་17.77ཡོད་པ་རེད།

       སྒྲོམ་ཚང་སྨན་ཁང་དེ་གནས་གཏན་འཁེལ་གྱི་དམིགས་འཛུགས་སྨན་ཁང་དུ་རིམ་སྤོར་བསྒྱུར་བཀོད་བྱ་རྒྱུ།

       ས་ཁུལ་དང་གྲོང་ཁྱེར་ཚན་པ་བྱས་ཏེ་གྲོང་ཁྱེར་གྱི་མི་འབོར་གཞི་ཁྱོན་ལ་གཞིགས་ནས་སྒྲོམ་ཚང་སྨན་ཁང་དེ་གནས་གཏན་འཁེལ་གྱི་དམིགས་འཛུགས་སྨན་ཁང་དུ་རིམ་སྤོར་བསྒྱུར་བཀོད་བྱེད་དགོས། གནས་གཏན་འཁེལ་གྱི་དམིགས་འཛུགས་སྨན་ཁང་ཞེས་པ་ནི་སྒྲོམ་ཚང་སྨན་ཁང་གི་རྨང་གཞིའི་ཐོག་སྨན་བཅོས་བྱེད་ནུས་ངེས་ཅན་ཞིག་ལྡན་པར་བྱས་ནས་དེའི་ཉལ་ཁྲིའི་བསྡུར་ཚད་བརྒྱ་ཆ་10ལྟར་ལྟ་སྐྱོང་གི་ཉལ་ཁྲིར་བསྒྱུར་བཀོད་བྱ་རྒྱུ་དེ་རེད།

       ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཀྱི་སྨན་བཅོས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

       ལག་ལེན་དངོས་ཀྱི་ཐོག་ནས་ཀྲུང་ལུགས་གསོ་རིག་དང་དེ་བཞིན་ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་བྱས་ནས་སྨན་བཅོས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ལྷག་པར་དུ་ཏོག་གསར་རིམས་ནད་འགོས་མཁན་ལ་ཚ་རྒྱས་པ་དང་། མིད་པ་ན་བ། གློ་རྒྱག་པ། ལུས་ཤུགས་ཟད་པ་སོགས་ཀྱི་ནད་རྟགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཉིང་སྐྱུར་བྱས་འབྲས་དུས་ཚོད་ཐུང་ཐུང་ནང་འགྱུར་ལྡོག་འགྲོ་བ་སོགས་ཀྱི་ཐད་ལེགས་ཆ་བཟང་པོ་ལྡན་པ་ར་འཕྲོད་བྱུང་ཡོད།

      ཨའོ་སྨི་ཁེ་རོང་གིས་ནད་གཞི་སློང་ཤུགས་ཆུང་དུ་ཕྱིན་པ།

      ངོ་འགྱུར་ནད་དུག་ཨའོ་སྨི་ཁེ་རོང་དེ་འགོ་སླ་བ་དང་། མཆེད་སླ་མོད། འོན་ཀྱང་ནད་གཞི་སློང་ཤུགས་ཆུང་དུ་འགྲོ་བཞིན་ཡོད། ནད་པའི་ནད་རྟགས་གཙོ་བོ་དབུགས་ལམ་གོང་མར་ཐོན་གྱི་ཡོད་པས། གདོད་མའི་ནད་དུག་དང་ཏེའར་ཐ་སོགས་ངོ་འགྱུར་ནད་དུག་དང་བསྡུར་ན་དབུགས་ལམ་འོག་མ་ལ་གནོད་འཚེ་ཐེབས་ཚད་ཆུང་དུ་འགྲོ་གི་ཡོད། 

       སྨན་བཅོས་ལས་ཁུངས་ཀྱིས་ཉིང་སྐྱུར་གདགས་གཤིས་ཡིན་པའི་ནད་པར་སྨན་བཅོས་དང་ལེན་བྱེད་དགོས། 

       སྨན་ཁང་གི་སྤྱིར་བཏང་སྒོ་སྟེན་སྨན་བཅོས་ཁུལ་དུ་ཉིང་སྐྱུར་གདགས་གཤིས་ཡིན་པའི་སྨན་བཅོས་ཁུལ་དང་ཉིང་སྐྱུར་སྲིབས་གཤིས་ཡིན་པའི་སྨན་བཅོས་ཁུལ་གཉིས་དབྱེ་བ་འབྱེད་དགོས། ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་གཞིར་བཟུང་ནས་དེ་མཚུངས་ཀྱི་སྨན་བཅོས་ས་ཁོངས་ནང་བསྐྱོད་དེ་སྨན་བཅོས་ཞབས་ཞུ་དང་ལེན་བྱེད་དགོས། 

       སྨན་བཅོས་ལས་ཁུངས་ཡོངས་ཀྱིས་ཉིང་སྐྱུར་གདགས་གཤིས་ཡིན་པའི་ནད་པར་བརྟག་དཔྱད་བྱེད་དགོས་པ་དང་། ད་ལྟ་ནས་འགོ་བཙུགས་ཏེ་སྨན་བཅོས་ལས་ཁུངས་ཡོངས་ཀྱིས་དེའི་ཐད་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་རིམས་ནད་ཀྱི་གནས་ཚུལ་དང་ནད་པའི་ཞིབ་ཕྲའི་གནས་ཚུལ་ལྟར་སྨན་བཅོས་བྱེད་པ་དང་། ནད་པས་ཀྱང་རང་གི་དགོས་མཁོ་ལྟར་སྨན་བཅོས་བྱེད་དགོས།

  • ལེ་ཚན་སྔོན་མ།:བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་རྒྱ་མཚོ་རུ་གཏོར་བ།
  • ལེ་ཚན་རྗེས་མ།:སྨན་དོན་མི་སྣའི་ལས་ཀའི་ཆ་རྐྱེན་ལེགས་གཏོང་དང་གཙོ་གནད་མི་ཚོགས་ལ་དོ་དམ་ཡག་པོ་བྱ་རྒྱུའི་འགན་ལེན་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།