སྨན་དོན་མི་སྣའི་ལས་ཀའི་ཆ་རྐྱེན་ལེགས་གཏོང་དང་གཙོ་གནད་མི་ཚོགས་ལ་དོ་དམ་ཡག་པོ་བྱ་རྒྱུའི་འགན་ལེན་བྱ་དགོས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-14

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་གཞིས་ཚེས་13ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དོ་དམ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་གཞིའི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་གིས་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། སྨན་བཅོས་ལས་ཁུངས་ཀྱིས་སྨན་དོན་མི་སྣའི་ལས་ཀའི་ཆ་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལས་འགན་བཀོད་སྒྲིག་ལུགས་མཐུན་བྱེད་པ། སྨན་དོན་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལེགས་པོ་བྱེད་པ། སྐུལ་ལྕག་འགན་སྲུང་སྲིད་ཇུས་དོན་འཁྱོལ་ཐུབ་པ་བཅས་བྱ་དགོས་ཞེས་གསུངས་འདུག

རྒྱལ་ཁབ་བུ་བཙའི་ནད་ལྟེ་གནས་ཀྱི་ཀྲུའུ་རེན་ཆའོ་ཅེ་ཡིས། སྦྲུམ་མར་ཏོག་གསར་ནད་དུག་འགོས་ཀྱང་སྤྱིའི་ཆ་ནས་ནད་ཕོག་ཚད་དང་། ནད་རྟགས། ནད་ཡུན་བཅས་ཚང་མ་སྤྱིར་བཏང་གི་མི་ཚོགས་དང་ཅུང་འདྲ་པོ་ཡོད། ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་ནད་དུག་ཅུང་འདྲ་གི་མེད། འོན་ཀྱང་ནད་ཡུན་ཕལ་ཆེར་ཉིན་5-7བར་ཡིན། སྦྲུམ་མའི་མངལ་ནང་བཤའ་མའི་སྲུང་སྐྱོབ་ཡོད་པས། མངལ་ནང་གི་ཕྲུ་གུར་ཧ་ལམ་འགོས་མི་སྲིད་ཅེས་གསུངས་འདུག

པེ་ཅིང་སྨན་ཁང་གི་འབྱིན་རྔུབ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ལི་ཡན་མིང་གིས། རྒན་རྒོན་ལ་སྲུང་སྐྱོང་བྱེད་པའི་ཐད་ནས་བཤད་ན་སྔོན་འགོག་ནི་ཨང་དང་པོ་ཡིན། རྒན་རྒོན་རྣམས་ནས་ཏོག་གསར་གློ་ཚད་སྔོན་འགོག་ཁབ་བརྒྱབ་ཡོད་ཚེ། རྒན་རྒོན་ལ་ནད་གཞི་ལྕི་པོ་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། གལ་ཏེ་མཉམ་དུ་སྡོད་མཁན་ལ་ཏོག་གསར་ནད་དུག་འགོས་ན་རྒན་རྒོན་དང་འབྲེལ་གཏུག་བྱ་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱ་དགོས་ཞེས་གསུངས་འདུག

པེ་ཅིང་ཨན་ཀྲེན་སྨན་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཀྲོའུ་ཡུས་ཅེ་ཡིས། དེའི་གོང་ནས་སྙིང་ཁམས་ཁྲག་རྩའི་རྨང་གཞིའི་ནད་ཕོག་པའི་ནད་པར་ཏོག་གསར་ནད་དུག་ཕོག་ཀྱང་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། ངེས་པར་དུ་སྔར་ཡོད་ཀྱི་ནད་གཞི་དཔེར་ན་ཏོག་དབྱིབས་སྙིང་ནད་དང་ཁྲག་ཤེད་མཐོ་བའམ་ཡང་ན་སྙིང་ནུས་ཉམས་པ་སོགས་ཀྱི་ནད་གཞི་ཚོད་འཛིན་ཡག་པོ་ཐུབ་པ་བྱ་དགོས་ཞེས་གསུངས་འདུག

  • ལེ་ཚན་སྔོན་མ།:ཏོག་གསར་རིམས་ནད་འགོས་རྗེས་ཅི་ཞིག་བྱ་དགོས་ཐད་ལན་བསྐྱོན་འདུག
  • ལེ་ཚན་རྗེས་མ།:ལན་ཧྭ་ཆིང་ཝུན་གྱི་རིན་གོང་ཧམ་སྤོར་བྱེད་མཁན་ལ་ཞིབ་གཅོད་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།