དབེན་ཁྲོད་ཀྱི་ངུར་སྨྲིག་པ།

སྨྱུག་རྫི།        2022-12-21

དམར་སེར་མཚམས་སྤྲིན་འོག་གི་དབེན་པའི་གནས། །

ཞི་འཇགས་ལྷོད་ཀྱིས་གནས་པའི་ངང་ཚུལ་དེས། །

རྨད་བྱུང་མཛེས་པའི་ཁོ་ལག་རབ་རྫོགས་ཤིང་། །

མཛེས་མཛེས་གངས་རིའི་ལྗོངས་ནས་མངོན་པར་མཛེས། །

བཞིན་རས་སྤྲིན་དཀར་དགོད་པའི་མཚར་སྡུག་ཅན། །

ཞལ་ཚེམས་དུང་གི་ཕྲེང་བ་རྟག་གཡོ་སྟེ། །

སྐྱེས་སྦྱངས་ཤེས་རིག་ངོམ་པའི་དབེན་གནས་སུ། །

ལྡེམ་ལྡེམ་སྐུ་ཡི་མཛད་པ་མིག་གི་གཉེན། །

རིག་བྱེད་དྲི་ཟའི་ངག་རིག་ཁང་བཟང་དུ། །

དོན་ལྡན་ཆོས་ཀྱི་ཆར་ཆེན་རབ་འབེབས་ཤིང་། །

དབྱངས་ཅན་ལྷ་ཡི་བྱིན་རླབས་རབ་འཇུག་པའི། །

ཟིར་ཟིར་གསུང་གི་སྒྲ་དབྱངས་ལྷོད་ཀྱིས་འཁྲོལ། །

དྲི་བྲལ་ཤེལ་གྱི་མེ་ལོང་ཡངས་པའི་མཁར། །

འགྱུར་མེད་འཆི་མེད་ལྷ་ཡི་ངང་ཚུལ་བཞིན། །

རྟག་ཅིང་ཤེས་བྱའི་གནས་ལ་གོམས་པ་ཡི། །

བརྟན་བརྟན་འགྱུར་མེད་ཐུགས་དགོངས་ལྟ་ན་སྡུག །

ནང་སེམས་དྲི་མས་མ་གཡོག་དམར་སེར་ཁྱུའི། །

འཛུམ་ཞལ་འོད་ཀྱིས་ཁེངས་བའི་བྱེད་པོ་གང་། །

ཡབ་གཅིག་དྲིན་ཆེན་བླ་མའི་མདུན་ས་རུ། །

དིར་དིར་འཆད་པའི་མགྲིན་སྒྲ་རྟག་ཏུ་འཇོ། །

ཕྱི་ཚུལ་ཁྲིམས་ཀྱིས་ཕྱུག་པའི་མདངས་གསལ་སྐུས། །

དཀར་བའི་ཚུལ་འཛིན་དྲི་བསུང་དུས་ཀུན་འཐུལ། །

གར་ལ་འགྱིང་བའི་རྩོད་པའི་ལམ་འཕྲང་དུ། །

ལེགས་ལེགས་ཀུན་ཏུ་རོལ་བས་མིག་དབང་སྤྲོ། །

ཡིད་འོངས་པད་དཀར་དགོད་པའི་བཞིན་རས་ཀྱིས། །

གཞན་ཡིད་རྟག་ཏུ་འགུགས་པའི་རྣམ་རོལ་ཞིང་། །

མིང་དང་ཚིག་གི་སྡེབ་སྦྱོར་བསྒྲིགས་པ་ཡིས། །

སྙན་སྙན་ངག་གི་རྩོམ་རྩལ་རྣ་བར་འཇེབས། །

མཁས་མཁས་གཞུང་ལུགས་ཀུན་ལ་བྱང་ཆུབ་ཅིང་། །

བཙུན་བཙུན་ཁྲིམས་ཀྱིས་རང་རྒྱུད་བརླན་པ་ཡིས། །

ཡངས་ཡངས་ཤེས་བྱའི་གནས་ལ་འཇུག་པ་སོགས། །

དམར་དམར་ངུར་སྨྲིག་པ་ཡི་ཆོ་ལོ་ཡིན། །

རང་རྒྱུད་ཞི་དུལ་བག་ཡོད་རབ་ལྡན་པས། །

དུག་ལྔའི་སྣང་བ་རབ་བྲལ་མཚན་དཔེའི་སྐུ། །

འོད་ཟེར་འབུམ་ཕྲག་སྟོང་གིས་རྒྱན་སྤྲས་པའི། །

ཟབ་ཟབ་མཁྱེན་པའི་མེ་ལོང་ཡིད་བཞིན་མཚོ། །

སྐད་ཅིག་མི་སྡོད་ཐོས་བསམ་ལས་ལ་ཉུལ། །

བྱ་སྤྱོད་དག་པས་སྐྱེ་དགུ་མགྲོན་དུ་བསུས། །

ལྷག་བསམ་གཙང་མ་རྒྱུད་ལ་རྟག་འཆང་བའི། །

བཟང་བཟང་བརྩེ་བའི་སྤྱན་ཟུང་གཙུག་གི་ནོར། །

རྣམ་དཀར་དམ་ཆོས་བཟང་པོར་འཇུག་པ་ཡི། །

འབད་བརྩོན་ཆུ་བོའི་རྒྱུན་བཞིན་སྲིང་བ་དང་། །

དཀའ་དཀའ་སྡུག་གི་ལམ་དུ་བཞུགས་པ་སོགས། །

མཚར་མཚར་ནུས་པའི་ཆེ་བ་རྒྱན་དུ་ངོམ། །

  • ལེ་ཚན་སྔོན་མ།:ཐེངས་གཅིག་མགུ་ན།
  • ལེ་ཚན་རྗེས་མ།:དབྱངས་རྟ།