ཧུན • དུར་རོ། 2022-12-28
སྒྲུང་འདི་རྒན་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང《 བལ།》ལ་བལྟས་རྗེས་སུ།
དེ་རིང་ཞོགས་པར་སྤྲིན་གསར་གྱི་ཕོན་པོས་རྫོང་མཁར་གྱི་ནམ་མཁའ་གང་འདུག་པ་དང་། རྫོང་མཁར་གྱི་ཚོང་ཁང་དག་དུའང་མི་ཚོགས་ཀྱི་འདུ་བ་རབ་ཏུ་རྒོད། རི་བོའི་རྐེད་ཀྱི་ལམ་ཕྲན་དོག་པོ་ཞིག་ན་ཁུར་བོ་ཆེ་ཞིང་ལག་པ་གཉིས་ཀྱི་ཁུག་མ་ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པ་གཉིས་བཟུང་ནས་རྫོང་མཁར་ལ་ཕྱོགས་ནས་ཡོང་གིན་ཡོད་པ་ནི་ཨ་ནེ་གཡང་དཀར་རེད། རི་བོའི་ཕར་སྒང་ན་ཡོད་པའི་ཡུལ་སྐོར་བ་དང་གྲོང་གསེབ་ཀྱི་ལུས་སྦྱོང་བ་དག་གིས་པར་ལེན་གྱིན་པ་ནི་ཨ་ནེ་གཡང་དཀར་རེད། པར་མིག་ལས་མཐོང་བ་ནི་ཨ་ནེ་གཡང་དཀར་གྱི་ཁུར་བོ་ལྕི་མོ་དང་རྔུལ་ཆུ། འདག་ཐབས་མེད་ཚི་དྲེག་དག་རེད། ཨ་ནེ་གཡང་དཀར་གྱི་རི་སྒང་ནས་རྫོང་མཁར་བར་ལ་ངལ་མི་གསོ་བར་མ་ཟད་ད་དུང་ལམ་འགྲམ་གྱི་རྩྭ་ལྡུམ་དང་ཤིང་དུམ་དག་རིག་ཚད་དང་མཁོ་ཚད་རུམ་ལ་བཅུག་པ་དང་ཁུར་བོ་ལྕི་མོ་དེ་ལ་ཡང་སྣོན་བྱས་ཏེ། རྫོང་མཁར་ལ་ལོག་གིན་པ་ནི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཏུ་ལོབ་པ་འདྲ།
ཨ་ནེ་ཁོའི་ངོ་ཤེས་རྒྱ་མོ་ཕྲིན་ཐཱོན་ཡང་ནམ་རྒྱུན་ལྟར་ལམ་མདོ་ན། ཚོང་ཟོག་མང་པོ་ཉི་མར་སྐེམ་པའི་ཐང་མ་ལྟར་བཤམས་ནས་འབྲོག་མོ་ཨ་ནེ་གཡང་དཀར་ལྟ་བུ་དག་ལ་སྒུག་འདུག་པ་ཡང་མངོན་གསལ་ཞིག་རེད། རྒྱ་མོ་ཕྲིན་ཐཱོན་གྱི་ཨ་ནེ་གཡང་དཀར་རིག་མ་ཐག་ཡར་ལངས་ནས་རྒྱ་སྐད་ཀྱི་“གཡང་དཀར་ང་འདི་ན་ཡོད།” ཨ་ནེ་གཡང་དཀར་གྱིས་ཀྱང་གདོང་གཏུགས་ཏེ་རྒྱ་མོ་ཕྲིན་ཐཱོན་ཡོད་སར་སོང་། ཅུང་མ་འགོར་བར་ཨ་ནེ་གཡང་དཀར་གྱི་ཁུར་བོ་ལྕི་མོ་ཡང་མེད་པ་ལྟར་གྱུར་འདུག དེ་ནི་རྒྱ་མོ་ཕྲིན་ཐཱོན་གྱི་ཨ་ནེ་གཡང་དཀར་གྱི་ཁུར་ཡོད་པའི་ལྡུམ་རིགས་དང་རྩིད་པ་དག་ཉོས་ཟིན་པས་ལོས་ཡིན། “གཡང་དཀར་འདི….. ཏག་ཏག་ཡིན་སྒོར་སུམ་བརྒྱ་ཡོད” དེ་ནི་རྒྱ་མོ་ཕྲིན་ཐཱོན་གྱི་རྩྭ་ལྡུམ་དང་རྩིད་པ་ཉོས་ནས་ཨ་ནེ་གཡང་དཀར་ལ་སྒོར་མོ་སྤྲད་པ་རེད། ཨ་ནེ་གཡང་དཀར་ཅུང་དོགས་མི་བདེ་བའི་ངང་ནས། “རེད་དམ། སུམ་བརྒྱ་རེད་ནཱེ” “རེད་ཡཱ། སུམ་བརྒྱ་རེད། སྔར་བས་ད་ལྟ་རིན་གོང་མཐོན་པོ་བྱིན་ཡོད་ཡཱ།” ཨ་ནེ་གཡང་དཀར་ཅུང་ཟད་ཡིད་མ་ཆེ་བའི་ངང་ནས་ཁེར་འདང་གཏོང་བཞིན། "ཨ་ཁ་ཁ་ཅི་བྱ་ད་ཅང་མི་འགོར་བར་དགོན་པའི་ཚོགས་ཆེན་དག་འཚོག་ལ་ཡོད་པས། ཞལ་འདེབས་ལ་སྒོར་བརྒྱ་རེ་དགོས་ངེས་ཡིན། ད་དུང་ཟླ་འགའ་འགོར་ན་མུན་ནག་སྡེ་བའི་མུན་སེལ་དགོན་པའི་དགོན་སྟོན་རན་ལ་ཡོད་པས་ཞལ་འདེབས་མ་མཐའ་ཡང་སྒོར་བརྒྱ་དགོས། གོ་ཐོས་སུ་ད་ལོ་དབྱར་ཁར་ཨ་ལགས་རྟ་མགྲིན་ཚང་དང་སྐུ་ཞོགས་ཆོས་ཚང་སོགས་ཀྱི་ཁྲི་སྟོན་ཡང་རན་ལ་ཡོད་པས་ངས་ཅི་ཞིག་འབུལ། དེ་ན་ད་ལོ་དབྱར་ཁའི་ཟ་ཕྱེ་ཡང་གང་ཞིག་ནས་འཁྱེར་འོང་།" མགོ་བོ་བྲང་ཁར་སྨད་ནས་ཆིག་ལབ་ཅིག་བྱས་པ། རྒྱ་མོ་ཕྲིན་ཐཱོན་གྱིས་མགོ་བོ་འཐོམ་པ་ལྟར། “ཅི་རེད་རིན་གོང་བློར་འབབ་པོ་མི་འདུག་གམ” ཟེར་ནས་ཨ་ནེ་གཡང་དཀར་གྱི་གདོང་ལ་ཅེར་ནས་བསྡད། ཨ་ནེ་གཡང་དཀར་གྱི་ཡུད་ཙམ་ལ་སྨྲ་བ་བཅད་ནས་ཧད་དེ་ལུས། དེ་ནས་གཟོད་དངན་པ་ཞིག་འཐེན་ནས། རྒྱ་མོ་ཕྲིན་ཐཱོན་གྱིས་དྲིས་པ་ལ་བསམ་བློ་མ་བཏང་བའི་རྣམ་འགྱུར་ཞིག་བསྟན་ནས། གླེང་གཞི་གཞན་ཞིག་ཏུ་བསྒྱུར་བ་ལྟར། " ཨ་རོ་ཡཱ། ད་མྱི་ཟེར་བ་འདིས་ཁ་སོས་དཀའ་འུ་ཡཱ། ང་ཚོ་ད་ཆོས་འཇིག་རྟེན་གཉིས་ཀ་མི་འགྲུབ་མཁན་གྱི་གྲས་རེད།" ཁེར་ལབ་ཅིག་བྱས་པ་ལྟར་རླུང་བུ་འཇམ་པོ་ཞིག་ཡང་ཡང་ལྡང་མཐར་ཕར་ངོས་སུ་རྒྱ་ཕིབས་ལ་གསེར་འོད་ལམ་ལམ་འཚེར་བའི་བཀྲ་ཤིས་ལྷ་མཚོའི་ཇོ་སྒར་མིག་ལམ་དུ་བཀོད་ནས། མིག་མཐའ་མཆི་མས་རླན་ཞིང་ལག་ཟུང་ཐལ་མོ་སྦྱར་ནས་རེ་ཞིག་བརྒྱལ་བ་ལྟར་གྱུར། རྒྱབ་ཕྱོགས་ནས་རླུང་བུ་ལྡང་ཡོང་བ་དང་ལྷན། སྐད་གདངས་སང་སྒྲ་ལ་འཐེན་ཡོང་བའི་བུ་མོ་ཞིག་གིས་ཨ་ནེ་གཡང་དཀར་ལ་བོས་བྱུང་། “འབྲོག་མོ་གཡང་དཀར།”
རྩོམ་གསར། 10