ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ12པའི་ཚེས26ཉིན་ནས་ཚེས27ཉིན་བར་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བཅས་བརྗོད་དོན་གཙོ་བོར་འཛིན་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། “སྲུང་སྐྱོང་གཉིས”ཐུབ་པར་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་སེམས་གོང་བུར་འགྲིལ་རྒྱུར་སྣེ་ཁྲིད། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་སྣེ་ཁྲིད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པར་སྣེ་ཁྲིད། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་སྣེ་ཁྲིད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་སོགས་བྱེད་པའི་ཐད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲུབ་འབྲས་ཕྱོགས་བསྡོམས་དང་མི་འདང་བའི་ས་འཚོལ་བ་དང་། ཏང་གཤིས་དབྱེ་ཞིབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ལེགས་པོ་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་གླེང་རེས་གནང་བ་དང་། བསམ་འཆར་དང་གྲོས་འགོ་གསན་པར་མ་ཟད། གཏམ་བཤད་ཀྱི་གནད་བསྡུས་ཀྱང་ཟིན་བྲིས་བཀོད་ཡོད། ཚོགས་འདུའི་ཐོག། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་གནང་བ་དང་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཐོག《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་ཞིབ་སྲོལ》ལ་གཞིགས་ཏེ། ནན་ཏན་ངང་ཞིབ་བཤེར་གསལ་སྟོན་དང་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཁ་ཞེ་གཉིས་མེད་དང་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པས། རྣམ་པ་གཟབ་ནན་དང་འཁྲུག་ཆ་དོད་ཅིང་སྔོན་དཔག་གི་ཕན་འབྲས་ཐོབ་ཡོད་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་གཙོ་གནད་དྲུག་ལ་དམིགས་ཡོད་དེ། གཅིག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་བྱས་རྗེས་ངོ་མ་འཇོག་པ་དང་ཕན་འབྲས་དངོས་ཐོབ་པ་བྱ་དགོས་པ་དང་། གཉིས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལ་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པ་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་ཏན་ཏིག་བྱེད་དགོས་པ། བཞི་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་བཅས་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱེད་པ། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་ལས་འགན་དང་ཉེན་ཁ་འགྲན་སློང་བཅས་ཀྱི་མདུན་དུ་འཐབ་རྩོད་བྱེད་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ། ཏང་གི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་བཅས་བྱེད་དགོས་པ། ལྔ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁ་ཕྱོགས་གསལ་སྟོན་གྱི་ནུས་པར་ངོས་འཛིན་དེ་བས་གཏིང་ཟབ་ཏུ་གཏོང་བ་དང་། རང་ངོས་གསར་བརྗེ་ནན་པོ་བྱས་ཏེ་རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བའི་ཐད་ཏང་ཡོངས་ལ་མིག་དཔེ་འདོན་དགོས་པ། དྲུག་ནས་ཏང་ཆེན་པོར་དམིགས་བསལ་དུ་ལྡན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་ཀྱི་ངོས་འཛིན་དེ་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབ་དགོས་པ་བཅས་ཡིན་པ་རེད། ཚོགས་འདུ་ཐོག། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཏིངས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་བཅས་ཀྱི་ལས་འགན་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་། རིམས་ནད་བཀག་འགོག་དང་དཔལ་འབྱོར་བརྟན་པོ། གོང་སྤེལ་བདེ་འཇགས་བཅས་ཡོང་བར་བྱ་དགོས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་ཕོག་ཐུག་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་བ་བྱས་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཟོག་གོང་བརྟན་པོ་བྱུང་བ། རྒྱལ་སྤྱིའི་གཏོང་ཡོང་གནས་ཚུལ་ཅུང་ལེགས་པོ་བྱུང་ཡོད། འབྲུ་རིགས་ཐོན་ཚད་ལོ་བརྒྱད་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་ཐུབ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་ངང་ལྡན་པའི་ངང་གཉེར་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། དེ་བས་གཅེས་འཛིན་ལྡབ་འགྱུར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས། ལོ་གཅིག་རིང་གི་ལག་ལེན་ལས“གཏན་འཁེལ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་སླར་ཡང་ར་སྤྲོད་བྱས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། “ངེས་པར་དུ་བྱ་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། གསར་འབྱེད་གསར་གཏོད་བྱེད་པ་བཅས་བྱས་ཏེ། འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་ཡག་པོ་འདིང་དགོས་པའི་ངོས་འཛིན་གཅིག་མཐུན་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ལྟ་སྡུར་ཞིབ་བཤེར་གྱི་གཏམ་བཤད་རེ་རེ་བཞིན་ལ་དཔྱད་བརྗོད་གནང་བ་དང་། རེ་རེ་བཞིན་བླང་བྱ་བཏོན་པར་མ་ཟད་ཕྱོགས་བསྡོམས་ཀྱང་གནང་བ་རེད། ཁོང་གིས། ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འདི་ཧ་ཅང་ཡག་པོ་འཚོགས་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོན་ཡོད། ཚང་མས་སེམས་གཏིང་གི་སྐད་ཆ་ཤོད་པ་དང་། བསམ་བློ་སྤེལ་རེས་བྱེད་པ། གནད་དོན་ལ་ལྟ་ཞིབ་བྱེད་པ། ཁ་ཕྱོགས་གསལ་སྟོན་བྱེད་པ་བཅས་བྱས་ཡོད་པས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཟབ་ཏུ་དང་། ལས་དོན་ལེགས་བཅོས། འགན་འཁྲི་འཁུར་ཕོད་པ་བཅས་ལ་ཕན་པ་ཧ་ཅང་ཆེན་པོ་ཐོབ་རྒྱུ་དང་། ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་སྣེ་ཡག་པོ་འཁྲིད་པ་དང་། མིག་དཔེ་སྟོན་པ། རང་ཁུར་ལས་འགན་ལ་ངོ་མི་གནོང་བ་དང་ཀུན་གྱི་རེ་བ་སྟོང་ཟད་དུ་མི་འགྲོ་བ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་ནི་འཐུས་སྒོ་ཚང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་གི་ཏང་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཞིག་ཡིན། རང་རེའི་ཏང་འདི་འདྲ་ཆེན་པོ་ཞིག་དང་རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་ལ། གལ་ཏེ་ཏང་ཀྲུང་དབྱང་གིས་སྟོབས་དང་ལྡན་པའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་མི་ཐུབ་ན། རང་ཐག་རང་གཅོད་དང་རང་སྣང་གང་ཤར་བྱེད་པའི་རྣམ་པ་འབྱུང་སྲིད་པས་བྱ་བ་གང་ཡང་སྒྲུབ་ཐབས་མེད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ་ནི་མངོན་སུམ་དང་ངོས་འཛིན་རྒྱུ་ཡོད་པ་ཞིག་ཡིན་པ་ལས་ངོས་འཛིན་རྒྱུ་མེད་པ་ཞིག་མ་ཡིན། ཐོག་མར་ཏང་ཀྲུང་དབྱང་གི་དབང་གྲགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་སྟེང་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་དུ་དོན་འཁྱོལ་བྱེད་དགོས། དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་བྱེད་པའི་མཉམ་དཀྲོལ་ཁྲོད་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་ལས། སེམས་མེད་བེམ་པོ་བཞིན་སྡོད་མི་རུང་བ་དང་བྲོ་བ་འགྱུར་མི་རུང་། དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཏང་གི་དར་ཆས་དར་ཆ་བྱེད་པ་དང་ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ། ཏང་གི་འདོད་བློས་འདོད་བློ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་བའི་རིགས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་དང་ལེན་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་གཏན་ནས་མི་བྱེད་པ་བཅས་བྱས་ཏེ། རྒྱུན་དུ་ནས་ལྟ་སྡུར་བྱས་ཏེ་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱེད་དགོས། དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་བློ་གཅིག་སེམས་གཅིག་བྱེད་པ། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲུང་སྐྱོབ། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱེད་དགོས། ལས་དོན་ཁྲོད་ཀྱི་ཐབས་ཇུས་གལ་ཆེན་དང་། དོན་དག་གལ་ཆེན། གནས་ཚུལ་གལ་ཆེན་བཅས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། ང་ཚོས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། དེས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་བྱང་ཚད་དང་འཇོན་ནུས་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པ་དང་། ང་ཚོའི་བསམ་པའི་ཉམས་འགྱུར་དང་སྤྱོད་ཚུལ་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ངོས་ནས་བཤད་ན། འགན་འཁྲི་སྒྲུབ་ནུས་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ནུས་པ་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་པའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ཐོག། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་གནས་བབ་ཧྲིལ་པོར་ཞིབ་འཇུག་དང་བརྡར་གཅོད་བྱེད་མཁས་པོ་དགོས་ལ། “རྒྱལ་ཁབ་ཀྱི་དོན་གནད་ཆེན་པོ”བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དོན་གཉེར་མཁས་པོ་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་དམངས་སེམས་ཐོབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བླང་བྱ་ལྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་སེལ་བྱེད་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཇུས་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་བ་བྱེད་པར་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་དགོས་ཤིང་ལས་དོན་བསྒྲུབ་དགོས། རིམ་པ་ཁག་འགོ་ཁྲིད་ལས་བྱེད་པས་ཡོད་ཚད་ཏང་ལ་ལེགས་སྐྱེས་འབུལ་བ་དང་། ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་ཞིང་། དུས་རྣམ་པ་ཀུན་ཏུ་སེམས་ཁྲལ་གྱི་འགན་འཁྲི་འཁུར་སེམས་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་དགོས། ལས་དོན་སྒྲུབ་པ་དང་ལས་སྐྲུན་བྱེད་པར་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས་ལས་འགན་འཁུར་མཁན་ལ་འགན་འཁུར་ཕོད་པ་དང་། ལས་འགན་འཁུར་མཁན་ལ་རྒྱབ་སྐྱོར་བྱེད་ཕོད་པ། ལས་འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པའི་འགོ་ཁྲིད་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་མཁས་པོ་དགོས་པ་དང་། ལས་བྱེད་པས་འགན་འཁུར་བ་དང་བྱས་རྗེས་འཇོག་པར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་སྣ་ཚོགས་སེལ་བར་ཤུགས་བརྒྱབ་སྟེ། འགན་འཁུར་འདོད་པ་དང་། འགན་འཁུར་ཕོད་པ། འགན་འཁུར་མཁས་པ་བཅས་སྲོལ་བཟང་ལ་འགྱུར་དུ་འཇུག་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་གཅོག་པ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་ཡོད། ཞི་ཅིན་ཕིང་གིས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་མཁས་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་མཁས་པ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟར་གྱི་བསམ་བློ་བརྟན་པོ་བཙུགས་ནས་རང་རྟོགས་ངང་སྤྱི་ཡོངས་ལ་དམིགས་ནས་བྱ་སྤྱོད་སྤེལ་བ་དང་། གནས་ལུགས་ཆུང་བས་གནས་ལུགས་ཆེ་བར་བསྟུན་པ་དང་། ས་གནས་ཀྱི་ཁེ་ཕན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁེ་ཕན་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་བསམ་གཞིགས་དང་། ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། བརྒྱུད་རིམ་ལྡན་པའི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། མཐའ་ཚད་ཀྱི་བསམ་གཞིགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་བྱ་གཞག་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས། ཁོག་རྩིས་མི་རྒྱག་པ་དང་སྤྱང་མདོག་མི་བྱེད་པར་རང་རྟོགས་ངང་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གནས་རིང་ལུགས་བཅས་སྔོན་འགོག་དང་དེར་ངོ་རྒོལ་བྱས་ཏེ། ཁོངས་གཅིག་གི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ་ཁྱོན་ཡོངས་ཀྱི་ཆེད་དུ་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་སྤྱོད་ཚུལ་ནི་སྔར་ནས་བཟུང་ཏང་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་སྟོན་གལ་ཆེན་ཞིག་དང་མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་ཞིབ་བསྡུར་བྱས་ནས་དོན་ཚན་རེ་རེ་བཞིན་ཚད་གཞི་དང་རེའུ་མིག་ལ་ནན་པོར་ལྟ་བ་དང་། ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་གཙོ་གནད་ཐོག་སེལ་བ་བཅས་བྱས་ནས་སྣེ་ཁྲིད་དེ་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མང་ཙམ་བསྐྱོད་པ་དང་། དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་ཀའི་རྣམ་པ་གཏོད་མི་ཐུབ་པ་བཅས་ཀྱི་ས་ཆར་མང་ཙམ་བསྐྱོད་དེ་གནས་ཚུལ་དངོས་ལ་ཞིབ་དཔྱད་དང་གནད་དོན་དབྱེ་ཞིབ་ཀྱིས་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་གདེང་ཚོད་ཡོད་པ་བྱེད་དགོས། ཁོར་ཡུག་སྐྲུན་པ་དང་ཆ་རྐྱེན་གཏོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐད་ཆ་དྲང་པོ་ཤོད་པ་དང་། བདེན་གཏམ་ཤོད་པ། སྙིང་གཏམ་ཤོད་པ་བཅས་ཀྱི་སྐུལ་ལྕག་གཏོང་དགོས། ཤེས་རྟོགས་བྱུང་བའི་གནད་དོན་ལ་རྒྱུ་རྐྱེན་དབྱེ་ཞིབ་དང་གནད་འགག་མ་ནོར་བར་བཙལ་ནས། དམིགས་ས་ཡོད་པའི་སྒོ་ནས་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་ཞེས་བསྟན་ཡོད། ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱེད་པ་ལས། ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པ་གང་རུང་དང་། དམིགས་བསལ་དབང་ཆ་ལྡན་པའི་རིམ་གྲས་གང་རུང་གི་ཁེ་ཕན་གཏན་ནས་མཚོན་གྱི་མེད། འགོ་ཁྲིད་ལས་བྱེད་པ་རང་ངོས་མཁྲེགས་པོ་ཆགས་པར་སྔོན་ལ་རང་ཉིད་སྤྱོད་གཙང་ཡིན་དགོས། སྤྱོད་གཙང་ནི་གཙོ་བོ་རང་རྟོགས་ལ་ཐུག་པ་དང་། འགག་གནད་དེ་རྒྱུན་འཁྱོངས་ལ་ཐུག་པ། དཀའ་གནད་དེ་མཐར་ཕྱིན་བྱ་རྒྱུར་ཐུག་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་བྱ་དགོས་པ་དང་། སྣེ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། ལས་བགོས་འགན་འཁུར་ཁྱབ་ཁོངས་སམ་གཙོ་ནུས་ཐོན་ཁུལ་གྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དམ་འཛིན་ལེགས་པོ་དང་། ཚུལ་མིན་གྱི་སྤྱོད་ཡན་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། དྭངས་ཤིང་གཙང་བའི་བློ་མཐུན་བར་གྱི་འབྲེལ་བ་དང་། ཚུལ་མཐུན་ལུགས་མཐུན་གྱི་གོང་འོག་བར་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་གི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་བྱེད་མཁན་དང་། འཛུགས་སྐྱོང་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་སུ་འགྱུར་བར་བྱ་དགོས། དུས་མཚུངས་སུ་ཁྱིམ་མི་དང་གཉེན་ཉེར་དོ་དམ་ནན་པོ་དང་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དོན་དག་ལ་དོ་དམ་ཡག་པོ་བྱེད་དགོས་པ་ལས། ཁོ་ཚོར་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཁེ་ཕན་རག་ཐབས་གཏན་ནས་བྱེད་དུ་འཇུག་མི་རུང་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་ཧ་ཅང་མང་པོ་བཏོན་ཡོད། ཚོགས་འདུའི་རྗེས་སུ་ཞིབ་འཇུག་བྱ་རྒྱུར་དམ་འཛིན་དང་། བྱེད་ཐབས་འདོན་པ། ལས་ཀ་ལེགས་བཅོས་བཅས་བྱས་ནས་ཕན་འབྲས་དངོས་འཐོབ་ཐབས་བྱ་དགོས་ཞེས་བསྟན་འདུག།